རྟོག་བཏགས་ཀྱི་ཐ་སྙད།

དབུ་འཇིགས་མེད།        2020-08-10

སེམས་འདི་རླུང་གིས་བསྐྱོད་པའི་དར་ཆ་བཞིན།།

འཁྲུལ་སྣང་ནམ་མཁའི་དབྱིངས་ཀྱི་འཇའ་ཚོན་འདྲ།།

སྙིང་ལ་གཟན་པའི་ཚོར་བའི་རླབས་ཕྲེང་འདི།།

སྨྱུ་གུའི་རྩེ་ལས་ས་ཆེན་དཀྱིལ་དུ་ལྷུང་།།

མི་སེམས་གཉོམ་པོ་དགའ་སྐྱོའི་ཉིན་སྲིབ་འདྲ།།

སྐྱིད་སྡུག་མ་ངེས་གྲང་ངར་རླུང་དང་འདྲ།།

ཁ་ཆར་བུ་ཡུག་གདུག་རྩུབ་བཞིན་དུ་སླེབས།།

མི་ཡུལ་འདི་ཡི་ལྷིང་འཇགས་སྤྲུགས་དོན་ཅི།།

བརྩེ་འདང་ཟབ་མོ་ཟེར་བའི་རྨི་ལམ་ཞིག།

ལས་ཉོན་བག་ཆགས་ཟེར་པའི་བདེན་པ་ཞིག།

རྣམ་རྟོག་ཕྲ་མོ་ཟེར་བའི་སྐྱོ་སྣང་འདི།།

མདང་གི་རྨི་ལམ་ཙམ་གྱིས་གྲུབ་མ་སོང།།

བདེན་པའི་དད་ཡུལ་སྐྱབས་གནས་གསུམ་པོ་ལ།།

འདི་ཕྱི་གཉིས་ཀྱིས་འདུན་མ་གཏད་ནས་ཡོང་།།

སྔོན་ལས་ཁྲེལ་གཞུང་ལྡན་པའི་ལན་བུ་ལ།།

དམ་ཚིག་གཙང་མའི་ཆུ་བོ་སེམས་སུ་འཁྱིལ།།

སྙིང་གི་སྨིན་དྲུག་ཕྲ་མོའི་སྤྲིངས་ཡིག་ཅིག།

སེམས་པའི་སྒྲོམ་དུ་བཅུག་ནས་བསྡད་ན་ཡང་།།

འཇིག་རྟེན་ཁྲ་ཁྲས་མི་སེམས་སྒུལ་ཡོང་ན། །

ད་དུང་བརྟན་པོར་གནས་པ་གྲིབ་གཟུགས་འདྲ།།

དུངས་སེམས་རླུང་བུ་ལྡང་ནས་མཁའ་རུ་འཕྱོ།།

དྲན་པའི་སྤྲིན་དཀར་འདབ་མ་གཡས་ལ་འཁྱིལ།།

ཐུག་འཕྲད་སྐལ་བ་བཙལ་ནས་ཨ་ཐང་ཆད།།

ཨ་སྔོན་དབྱིངས་ལ་ལྟ་ཡིན་མིག་ཆུ་མིད།།

ཚོར་བ་གཙང་བོར་བསྲེས་ནས་རྒྱང་དུ་བསྲིངས།།

ལོ་དང་ཟླ་བར་འགྲོགས་ནས་རྟ་མགུར་བླངས།།

ལས་སྨོན་སྨྱུག་རྩེར་བཏབ་པའི་ཁ་བཏགས་ཤིག།

མདང་གི་རྨི་ལམ་ནང་ནས་འཐེན་པ་དྲན།།

ཞེ་བློ་སྤྲིན་པར་འདྲེས་ནས་ཡིབ་སོང་ན།།

ལུག་ཁྱུ་རྗེས་སུ་ལྷག་པའི་སེམས་ཚོར་ཡོད།།

ཉི་ཟླས་བསྐོར་བ་བརྒྱབ་ནས་བུད་སོང་ན།།

ཨ་ཇོའི་སེམས་རྟེན་ལྷག་པ་དྲན་པར་མཛོད།།

  • ལེ་ཚན་སྔོན་མ།:སྣང་བའི་གར་ཆུང་།
  • ལེ་ཚན་རྗེས་མ།:སྐུར་མ་ཐུབ་པའི་སེམས་འཕྲིན།