མ་ཡུམ་ལགས། བདག་གི་བྱེད་པོ།

ལི་སྨད་ཉི་གཞོན།        2017-08-28

དྲོད་ཀྱི་འཇམ་ཤ།

བཅུད་ཀྱི་དྭངས་མ།

བརྩེ་བའི་ཉིང་ཁུ།

བདག་གི་སྒོ་གསུམ་སྐྱབས་ཡུལ།

བྱམས་ལྡན་གྱི་ཨ་མ།

དགའ་སྐྱོ་ཆགས་སྡང་གི་གྲུབ་པའི་མི་ཡུལ་ནས།

ངས་ཁྱེད་རང་ལྟ་བུའི་སྙན་ངག་ཅིག་འབྲི་ན་འདོད།

འོན་ཀྱང་། སྙན་ངག་ལས་ཁྱེད་ཀྱི་བྱམས་པ་དང་བརྩེ་བ།

དུངས་བ། ཞེན་པ་སོགས་ཡོད་ཚད་མཚོན་ཐབས་བྲལ་ལ།

ཟླ་བའི་བསིལ་ཟེར་ལས་འཇམ་ཞིང་།

ཉི་མའི་འོད་ཐིག་ལས་དྲོ་བའི་སེམས་ཀྱི་མ་མ།

ཡོད་ཚད་བརྩེ་བས་ཕྱུག་པའི་ལྷ་གསོན་པོ་ཞིག

ལ་ལས་ཨ་མ་ཁྱེད་ཉིད་སྲིད་པའི་ཉི་མ་ཡིན་ཟེར།

བྱམས་དང་བརྩེ་བས་ཕྱུག་པའི་འོད་ཀྱི་ཟེགས་མ་རེ་རེར།

ཨ་གསར་དང་ཕྱོགས་ལྷུང་མེད་པར་སྐྱེ་འགྲོའི་ཆེད་དུ་ཤར་ཡོད་ཟེར།

ལ་ལས་ཨ་མ་ཁྱེད་ནི་དགོས་འདོད་ཀྱི་ནོར་བུ་ཞིག་ཡིན་ཟེར།

རྙེད་པར་དཀའ་བའི་མི་ལུས་ཀྱི་གཟུགས་པོ་འདི་གྲུབ་པ་ནས་བཟུང་།

ཕྱི་ནང་གསང་གསུམ་གྱི་མི་ཚེའི་བསླབ་བྱ་རེ་རེའི།

ང་ཚོའི་བསམ་པའི་རྒྱགས་ཕྱེ་རུ་གྱུར་ལ།

ནོར་བུ་དགོས་འདོད་ལས་ཀྱང་རིན་ཐང་ཆེ།

དགོང་སྔོན་པོ་མ་རྒས་ལ།

ས་དོག་མོ་མ་རྒས་པའི་དུས་དེར།

བུ་ཕྲུག་དང་བཟའ་ཚང་གི་འཚོ་བས་ཁྱེད་རང་རྒས་སུ་བཅུག་སོང་།

རྫ་སྒང་ན་རྐང་རྗེས་དཔར་ཅིང་།

རི་ལུང་ལ་གྲིབ་མ་འབྱར་བའི་མ་མ།

མི་ཡུལ་འདི་སྐྱིད་སྐྱིད་འདྲ་ཡང་།

འཚོ་བ་འདི་སྡུག་སྡུག་ངང་བསྐྱལ་བའི་བདག་གི་ཡུམ་ཆེན།

ཨ་མ་ལགས། ཁྱེད་ནི་ཁྱིམ་ཚང་གི་འོང་སྣང་།

ཁྱེད་ནི་ཉིན་མཚན་གྱི་མེལ་ཚེ།

ཁྱེད་ནི་མཐོ་སྒང་གི་བདག་མོ།

མདོར་ན་སྐྱེ་བ་ནས་འགག་པའི་བར་ཏུ།

ཁྱེད་ཀྱི་ལྷག་བསམ་དང་བྱམས་བརྩེས་འུ་ཅག་བསྐྱངས་ལ།

སྐྲ་ལོ་དཀར་པོར་གྱུར།

ལུས་ཀྱི་ཟུངས་བཅུད་ཉམས།

དབང་ལྔའི་ནུས་པ་ཤོར་ཡང་།

ད་དུང་། སེམས་པ་བུ་ཕྲུག་གི་འཚོ་གནས་ལ་འཁོར་ཡོད།

མ་ཡུམ་ལགས། བྱམས་པ་ཆེན་པོ་ཅན།།


  • ལེ་ཚན་སྔོན་མ།:སེམས་པ་སྙན་ངག་ལ་བསྟར་བ།
  • ལེ་ཚན་རྗེས་མ།:སྙན་ངག་ཚན་པ་གཉིས།