ཁེར་རྐྱང་གི་མཚན་མོ་ཞིག་ལ་།

སྨག་སེལ།(ཡུལ་ཤུལ)        2017-08-24

ཁེར་རྐྱང་གི་མཚན་མོ་ཞིག་ལ་།

རྨི་ལམ་ལྟ་བུའི་འཁྲུལ་སྣང་བན་བུན་ངང་།

བདག་གི་སྙིང་ཉེ་བའི་ཁྱོད་དང་། ཁྱོད་ཀྱི་འཛུམ་མདངས་དམར་པོ།

ནམ་མཁའི་མཐོངས་ན་འཚེར་བའི་ཟླ་འོད་ཀྱི་དཀར་ངོགས་སུ་བཞད་པའི།

ལྷ་དང་ལྷ་མོའི་ཚོགས་ཀྱི་གར་སྟབས་སྣ་ཚོགས་ཀྱིས།

གཞན་ལ་དབང་མི་ཆོག་པའི་སེམས་པ་འདིར་བསླུ་བྲིད་ཐེབས་སོང་།

 

སྒོ་དང་སྒེའུ་ཁུང་གི་ཕྱི་རོལ་ནས་བལྟས་ན།

ཟླ་འོད་ལམ་ལམ་ཁྲོད་ཁྱོད་ཀྱི་བཞིན་རས་མཐོང་གིན་མི་འདུག

དགའ་སྐྱོ་སྡང་གསུམ་གྱི་འཁོར་བའི་གཡང་གཟར་ལ་ཆས་དུས།

ཁྱོད་ཀྱི་ལག་ཟུང་དམ་པོས་སུ་ཞིག་ལ་སྙོབ་ཀྱིན་ཡོད།

 

མིག་ཆུ་མོད་པའི་ཁེར་རྐྱང་གི་མཚན་ལམ་རིང་མོར།

དྲན་པའི་ཟུག་གཟེར་གྱིས་སེམས་ལ་རྨ་ཁ་གཏོད་ཅིང་།

ཡུན་རིང་དུ་ཉར་བའི་ཡིག་སྒམ་ཆར་ཆུས་བརླན་སོང་།

མཛེས་སྡུག་གིས་བཞད་པའི་མེ་ཏོག་སེར་བས་བཅོམ་སོང་།

 

རེས་སྐྱིད་རེས་སྡུག་གི་མི་ཚེའི་འགྲུལ་ལམ་བརྒྱུད་ཚེ།

འུ་གཉིས་ཀྱི་དེ་རིང་གི་རྨི་ལམ་ལ་འགྱུར་བ་བྱུང་སྟེ།

ནམ་ཞིག

ཁྱོད་ཀྱིས་ང་རང་བརྗེད་སྲིད་ན།

དེ་དུས།

ངའང་གཞི་ནས་ད་ལྟའི་ང་མིན་པར་འགྱུར་འགྲོ།

ལོ་འགའི་སྔོན་དུ།

བརྩེ་གླུ་ཐན་ཐུན་གྱིས་ཁྱོད་ལ་འཕྲིན་པ་བསྐྱལ་མྱོང་།

ལོ་འགའི་སྔོན་དུ།  

མིག་ཟུང་རིག་རིག་གིས་ཁྱོད་ལ་དགའ་ཉམས་བསྟན་མྱོང་།

འཁྲེང་ཞེན་གྱི་ཟབ་ས་ཞིག་ནས་ངས་ཁྱོད་ཀྱི་རྨི་ལམ་ལ་འོད་སྣང་སྦྱིན་མྱོང་།


  • ལེ་ཚན་སྔོན་མ།:གངས་འདབས་ཀྱི་ཁྱོད།
  • ལེ་ཚན་རྗེས་མ།:སེམས་པ་སྙན་ངག་ལ་བསྟར་བ།