འཚོ་བ་སྐྱིད་ཀྱིས་རྒྱགས་པ།

ལུག་རྫི།        2020-07-13

ཨ་ཧོ་དེ་འདྲའི་མཛེས་པའི་ཁྱུང་མགོན་སྤོར།།

ཨ་ཆུ་དེ་རིང་ནམ་ཟླ་འཁྱགས་པོ་ལ།།

ཧའོ་སྨི་ལྔ་ཡི་གངས་རྡུལ་རྩིག་པ་བརྩིགས།།

ཧ་ཅང་མཐུག་པའི་དགུན་ལྭས་ལུས་མ་དྲོད།།

ས་སྟེང་རྩི་ཏོག་ཚོམ་བུར་བཀྲ་ན་ཡང་།།

ཤ་ཁྲག་ལུས་ཕུང་ནང་དུའང་གྲང་སྙམ་བྱུང་།།

ལ་ལུང་ཕལ་ཆེར་ཁ་བ་སྐྱ་ཁྲོམ་མེར།།

ར་སྐོར་ཁང་མཐའ་མ་ལུས་བརླན་གྱིས་བཟུང་།།

ཡ་སྦུག་གནས་ཚང་ཁང་བ་ཐོག་གཅིག་མར།།

འ་འུར་སྒྲ་དང་བཅས་པའི་མེ་བཏང་ནས།།

ཟ་བཏུང་ཅི་འདོད་རང་སྣང་གང་དྲན་ལས།།

ཞྭ་ལྟར་བཀུར་བའམ་ངོ་སྲུང་མ་དགོས་སྐྱིད།།

ཝ་ཡེ་ཟེར་ནས་འགྲམ་བཅར་སྲུན་འབྱིན་དང་།།

ཛ་དྲག་ལས་ལ་དུས་ཚོད་གཏོང་དགོས་མེད།།

ཚ་སོབ་སོབ་ཀྱི་མལ་དུ་ཁ་བུག་ནས།།

རྩ་ཆེན་བསྟན་བཅོས་མཇལ་བས་སྣང་བ་སྤྲོ།།

མ་བྱན་མེད་ཀྱང་ཟ་ཆོག་འཐུང་ཆོག་འདི།།

བ་བྱུང་འོ་མའི་མདངས་ཀྱིས་རྒྱུད་ཕྱུག་པའི།།

ཕ་མ་མ་ལགས་བུ་ལྟར་ཐུགས་བརྩེ་བའི།།

པ་ཕའི་ལོ་ཚད་མཉམ་པའི་དགེ་རྒན་དྲིན།།

ན་ཚས་མ་ཟིན་བདེ་ཅག་ཁྱུག་པའི་ལུས།།

ད་དུང་འཚོ་བའི་ཡུན་ཚད་སུས་བཤད་ནུས།།

ཐ་མལ་འཇིགས་པའི་གནས་ལ་ལྷུང་བའི་ཚེ།།

ཏཱ་རེ་མཚན་ཅན་སྐྱབས་མཆོག་དམ་པས་སྐྱོབས།།

ཉ་མོ་ཁྱུག་ཁྱུག་ཤེས་བྱའི་མཚོ་གཏིང་ལ།།

ཇ་དྭངས་འཐུང་ཞོར་ཐོས་པའི་ནོར་འཚོལ་ཕྱིར།།

ཆ་རྐྱེན་མེད་པར་རེ་བའི་སེམས་བཞིན་དུ།།

ཅ་ལག་མཁོ་རྒུ་སྩོལ་བའི་གཉེན་གྲོགས་ཚོར།།

ང་ཡི་གཙུག་ནོར་རྒྱུན་དུ་མཆོད་པའི་ཡུལ།།

ག་དུས་ཡིན་ཡང་བསྟན་འགྲོའི་དོན་མཛད་པའི།།

ཁ་མིན་སེམས་ཀྱི་དད་ཡུལ་སྙིང་རྗེའི་ལྷས།།

ཀ་དག་ཆོས་ཀྱི་བྱིན་རླབས་ཆར་དུ་ཕོབས།།


  • ལེ་ཚན་སྔོན་མ།:སྨུག་ཞག་ཁྲོད་ཀྱི་ཕ་ཡུལ།
  • ལེ་ཚན་རྗེས་མ།:མི་ཚེའི་ཁ་ཕྱོགས།