གཉིད་ལས་སད་རྗེས།

འོ་སེ།        2020-07-03

གཉིད་ལས་མ་སད་གོང་།

ཐ་སྙད་ཀྱི་གཤོག་པ་ཐོགས་ཏེ།

དགུ་ཚིགས་ཀྱི་ཁྱིམ་རྒྱུད་དུ་འཕུར་ན་བསམས།

སྐར་མ་རེ་རེར་མེ་ཏོག་དཀར་དམར་གྱི་ས་བོན་བཏབ་སྟེ།

མ་འོངས་པའི་ཁྱོད་ལ་མཛེས་སྡུག་གི་སྐྱེད་ཚལ་ཞིག་བསྐྲུན་ན་འདོད།

གཉིས་ལས་མ་སད་གོང་།

ཐ་སྙད་ཀྱིས་བཟི་བའི་བྱེའུ་ཞིག

ངའི་ཁང་ཁྱིམ་དུ་ལྡིང་སྐོར་གྱིས་འཕུར་བཞིན་འདུག

ངའི་ཁང་ཁྱིམ་འདི་ཧ་ཅང་དོག་ནའང་།

བྱེའུ་དེ་དག་ལ་མཚོན་ན་རི་རབ་དང་གཙང་བོ་བརྒལ་བའི་སྣང་བ་འདུག

གཉིད་ལས་མ་སད་གོང་།

ཉམས་ཆུང་བའི་རི་བོང་དེའི་བུ་ཕྲུག་ཚོ་ཤིན་ཏུ་སྙིང་རེ་རྗེ།

བྱ་གླག་དེས་སྡེར་མོ་ཁྲག་གིས་སྦག་བཞིན་ནུབ་ཕྱོགས་སུ་འཕུར་སོང་།

གཉིད་ལས་སད་རྗེས།

མྱ་ངམ་ཐང་དེ་ནས།

སྐམ་ཤིང་རིད་པའི་སྡོང་མགོར་འཛེགས་ཏེ།

ཕྱོགས་ཕྱོགས་སུ་རྒྱང་བལྟས་བྱས་ཀྱང་།

དྲག་རླུང་གིས་གསེད་པའི་བྱེ་རྡུལ་ཞིག་ལས་ཅི་ཡང་མཐོང་མ་སོང་།

དེ་ནས་སླར་ཡང་རྨི་ལམ་གྱི་དག་ཞིང་ཞིག་ལ་རེ་སྒུག་བྱས།  • ལེ་ཚན་སྔོན་མ།:མེས་རྒྱལ་ལ་བསྟོད་པ།
  • ལེ་ཚན་རྗེས་མ།:ཁ་བའི་དབྱངས།