ཕ་ཡུལ་དྲན་པའི་སྐོར།

ཁམས་སྨྱོན་ཧེ་རུ་ཀ        2020-06-03

              ༡

རྒྱུ་སྐར་འབྱམས་ཀླས་པའི་མཁའ་དབྱིངས་ཏེ།

མི་ཡུལ་གྱི་བྱ་དངོས་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པ་ནི་ཕ་ཡུལ་གཅིག་པུ་ཨང་།

            ༢

ཕ་ཡུལ གཙང་ཆུ་ཞིག་གི་ཕར་ངོགས་སུ་ཡོད།

ཧ་ཅང་ཁེར་རྐྱང་གི་མཚན་ལམ་རིང་མོ་འདིར།

ངའི་ནམ་མཁར་ཟླ་བ་མེད་ལ་སྐར་མ་ཡང་མེད།

གཙང་ཆུ་ནི་དུས་ཚོད་ལས་མཆེད་ཅིང་།

གཉིད་རྒྱུ་མེད་པའི་བྲག་ཅ་ཡིན།

            ༣

ཁ་བ་རྦད་ཀྱིས་འབབ་པའི་ཕ་ཡུལ་གྱི་གྲུ་ཟུར་རེ་ན།

ཨམ་གཙིགས་ཀྱིས་སྡོད་པའི་འགྲེངས་སོང་དག །

སྤྱང་མོའི་ཟུག་སྐད་བཞིན་གངས་སྨུག་ཁྲོད་ཐིམ་འདུག །

              ༤

ཕ་ཡུལ།

བར་མཚམས་མེད་ལ་བོར་མི་སྲིད་པའི། གསེར་གྱི་གདུང་བ།

               ༥

ཕ་ཡུལ།

ཁྱོད་ཀྱི་ལུས་ཀྱི་ཤུན་ལྤགས་ཡོངས་སུ་བཤུས་ཟིན་པའི།

གཏིང་ཟབ་པའི་རྨ་ཁ་འདི་དག

ངས་ཡུན་རིང་མ་རྟོགས་པའི་བློས་བསླངས་ཀྱི་ན་ཟུག་ཅིག

              ༦

ང་ཁེར་རྐྱང་ཡིན་ལ་ཕ་ཡུལ་ཡང་ཁེར་རྐྱང་ཡིན།

འོད་སྣང་མེད་པའི་ཕ་ཡུལ་གྱི་མདུན་ཐད་དུ།

ང་ཁེར་རྐྱང་ངང་བསྒྲེངས་ནས་ཀི་སྒྲ་ཅི་ལྟར་བཏབ་རུང་།

ཕ་ཡུལ་སྔར་བཞིན་ཁེར་རྐྱང་གི་མཚར་སྡུག་གི་ཀློང་དུ་ཐིམ་འདུག

             ༧

ཡིག་འབྲུ་གང་རུང་གི་མཚོ་ངོགས་སུ་འཁྱིལ་བའི།

ཉི་འོད་ཀྱི་ཕ་ཡུལ། རྡོ་ཡི་ཕ་ཡུལ།

ལྷ་ཡི་ཕ་ཡུལ། ལྷ་མིན་གྱི་ཕ་ཡུལ།

ཁྱི་ཡི་ཕ་ཡུལ། གྲོག་མའི་ཕ་ཡུལ།

འགྲོ་བ་མིའི་ཕ་ཡུལ། ངའི་ཕ་ཡུལ།

                  ༨

ང་སླེབས་པ་ནས་ད་ལྟའི་བར། ངས་ཕ་ཡུལ་ལ་གུས་ཕྱག་ཅིག་

འཚལ་མ་མྱོང་།

རྒྱུ་མཚན་ནི། ང་ཕ་ཡུལ་ལ་དུང་དྲགས་པའི་རྐྱེན་རེད།


  • ལེ་ཚན་སྔོན་མ།:སྐད་དང་ཡི་གེ་ནི་སྲོག་རྩ་ཡིན།
  • ལེ་ཚན་རྗེས་མ།:སྟོན་གྱི་སྙན་ཚིག