ཕྱིར་དྲན་ཁྲོད་ཀྱི་ངའི་ཕ་ཡུལ།

ཀླུ་དབང་རྒྱལ།        2017-07-03

ཉི་མ་སེར་བོའི་མཇུག་མཐའི་ཟུར་མིག་བལྟ༎

མཚམས་སྤྲིན་དམར་བོས་རི་རྩེའི་ཁ་དོག་བསྒྱུར༎

ཐང་དཀར་རྒོད་པོའི་གནས་ཚང་སྙེག་པའི་དུས༎

ཤོག་དཀར་ངོས་སུ་སྨྱུ་གུ་གདུགས་ལྟར་བསྐོར༎

རྨ་རྒྱལ་གངས་རིའི་གཟི་བྱིན་བླ་ན་འབར༎

རྨ་ཀླུང་སྔོན་མོའི་གླུ་དབྱངས་རབ་ཏུ་སྙན༎

རྨ་ཡུལ་ཕུ་ནུ་སུམ་ཅུའི་ཕ་ས་འདིར༎

རྣམ་དག་ཆོས་ཀྱི་འཁོར་ལོ་བར་མེད་འཁོར༎

འཆམ་མཐུནདགོངས་དོན་ལག་བསྟར་དྲི་བཞོན་བུ༎

ཆོལ་གསུམ་འཛུགས་སྐྲུན་འཕེལ་འགྱུར་ཆུ་བོའི་རྒྱུན༎

དཔལ་གཉིས་འཛོམས་པའི་མཚོ་བོད་མཐོ་སྒང་དུ།།

ལུགས་གཉིས་ཟུང་དུ་སྦྲེལ་བའི་རྒྱལ་མཚན་སྒྲེངས༎

མཐིང་སྨུག་སྦྲ་ཡི་ཆོན་ཐག་རྒྱུད་མངས་སྐུད༎

རྟ་ནོར་ལུག་གི་གྲངས་ཀ་སྐར་མའི་ཚོགས༎

གསེར་དངུལ་གཡུ་བྱུར་གཟི་སོགས་ཀླུ་རྒྱལ་མཛོད༎

བཀྲ་ཤིས་གཡང་འཛོམས་དཔལ་བེའུ་རི་མོ་བཀྲ༎

ཤྭ་བ་གཙོད་དང་འབྲོང་གི་སྔུར་སྒྲ་རིང།།

དྲེད་མོང་སྟག་གཟིག་དོམ་སོགས་སོ་སྒྲ་འཆའ།།

འདབ་ཆགས་སྟོང་གིས་སྙན་དབྱངས་སྒྲོག་པའི་གནས།།

ལྗང་མདོག་ཚལ་འདི་པདྨའི་དྲི་ཡིས་ཁྱབ༎

སྦྲང་དཀར་རྩམ་པ་ལུས་ཟུངས་བརྟས་བར་སྨན༎

ཤ་མར་ཐུད་སོགས་བློ་རིག་བཀྲ་བར་མཆོག 

ནས་ཆང་སྔོན་མོ་སྙིང་སྟོབས་རྒྱས་བར་ཕན༎

མཆོག་གྱུར་ཟས་བཅུད་བུམ་པ་གང་བྱོའི་ཚུལ༎

བརྗིད་ལྡན་རི་བོ་རང་བྱུང་གཏེར་ཁའི་ཡུལ༎

སྣ་ཚོགས་རྩི་ཤིང་མཆོག་གྱུར་སྨན་གྱི་རིགས༎

ཁྲི་ཕྲག་མཚོ་མོར་གསེར་ཉ་འཁྱུག་པའི་གནས༎

ང་དང་མེས་པོ་སྟོང་གི་ཕ་ས་ཡིན༎


  • ལེ་ཚན་སྔོན་མ།:སྡོང་ལོ་སེར་པོ།
  • ལེ་ཚན་རྗེས་མ།:སེམས་གཤིས་ཀྱི་རྒྱང་འབོད།