བར་ཐག་རི་ཆུས་ བཅད་པའི་ཁྱེད།

མདའ་ཅང་ཤེས།        2020-05-20

རྒྱང་གི་ཕ་མཐའ་སེམས་ཀྱིས་མ་རྙེད་ཅིང་།།

སེམས་ཀྱི་ཕ་མཐའ་རང་གིས་མ་རྙེད་པའི།།

དུངས་སེམས་རི་ལ་བྲིས་པའི་བརྩེ་བ་དེས།།

ང་རང་སྐྱོ་བའི་ཆུ་རུ་དཔྱངས་ཏེ་ལུས།།

ཚིག་རིས་མུན་པས་བཏེགས་པའི་ཕར་མཚམས་ཀྱི།།

གདུང་སེམས་སྤྲིན་ལ་ཤོར་བའི་ཚུར་རོལ་གྱི།།

ཁེར་རྐྱང་ཐ་སྙད་མང་བོའི་གོལ་ས་རུ།།

མི་ཚེའི་འདས་དོན་རི་མོ་ད་དུང་གསལ།།

སེམས་པ་ཆུ་རུ་ཤར་བའི་ལོ་ཟླ་འདི།།

ན་ཚོད་གྲིབ་སོ་བཞིན་དུ་འཐེན་ནས་སོང་།།

ད་ལྟ་ཐག་པ་བཞིན་དུ་ཆད་ནས་སོང་།།

འདི་ཡང་ལས་ཀྱི་བསྐོས་པའི་མཐར་ཐུག་གམ།།

རྟེན་འབྱུང་བསླུ་བ་མེད་པའི་རང་སྒྲ་ཡིས།།

ལྷ་འམ་མི་ལ་བབས་པའི་ཁ་བ་དཀར།།

ད་ནི་སྙིང་ལ་བཞད་པའི་མེ་ཏོག་ཨེ།།

ད་ནི་ལས་ལ་འཁོར་བའི་ལྷ་ལགས་ཀྱེ།།

ལྟོས་དང་རི་བོ་ཚོགས་ཀྱང་གསལ་བར་མཐོང་།།

རྒྱང་གི་མུན་པ་དག་ཀྱང་དག་པར་མཐོང་།།

འོད་གསལ་ལྷ་ལས་མཆེད་པ་མ་ལགས་སམ།།

སེམས་ཀྱི་རྨུ་ཐག་རིང་མོའང་ཆད་པ་མེད།།

གཡུང་དྲུང་མི་འགྱུར་བྲིས་པའི་མངའ་རིས་སུ།།

ང་ཡི་མ་ཕམ་འཁྱིལ་འདྲའི་འགྲམ་ངོགས་ན།།

ང་ཡི་ཞེ་ལ་ལྷུང་བའི་གློ་ཁ་སྟེ།།

བར་ཐག་རི་ཆུས་བཅད་པའི་ཁྱེད་རང་བཞུགས།།

དཔྲལ་བའི་མིག་དང་སྨིན་མའི་འབྲེལ་མཚམས་ན།།

ལས་ཀྱི་མདུད་པ་དགུ་ཡི་ཕ་མཐའ་ནས།།

སྙིང་གི་གུར་ལ་བཞུགས་པའི་ཁྱེད་རང་སྟེ།།

ལོ་ཟླའི་དྲན་པ་རུམ་པའི་ལྷ་མོ་ལགས།།

ད་ནི་རྨི་ལམ་རིང་མོ་མ་སད་ཅིང་།།

ཚིག་གི་མགུར་དབྱངས་ལྷོད་པོ་མ་འགག་པའི།།

ནམ་མཐའ་རི་དང་མཐུད་པའི་ས་སྲོད་འདིར།།

ཅང་ཤེས་རི་ལ་ཤོར་བའི་འཚེར་སྐད་ཐོས།།

ཁྱེད་ཀྱང་སྐད་ཆ་རེ་རེའི་འཕྲེང་བར་ནས།།

སྙིང་གི་འཕར་རྩ་རེ་རེ་མ་འཇགས་ཤིང་།།

བརྩེ་བ་རྣལ་མ་འདི་ཡི་སྲུང་མ་ལ།།

འུ་གཉིས་འགྱུར་མེད་དམ་བཅའི་ཀློང་དུ་འཐིམ།།

འདི་ཡང་རྩེ་གཞུང་རི་བོའི་ཕ་མཐའ་ནས།།

སེམས་ཀྱི་སྐྱོ་གདུང་ཟད་པའི་མུ་ཁྱུད་ལ།།

གསེར་ལྗོངས་རེ་བ་སྐོང་བའི་པང་ཁུད་དུ།།

བརྩེ་བ་གཏམ་གྱིས་སྒུལ་བའི་ཚིག་འདི་ཤོར།།

  • ལེ་ཚན་སྔོན་མ།:ཡུལ་ཤུལ་དུ་ས་འགུལ་བྱུང་ནས་ལོ་ངོ་བཅུ་ཡི་རྗེས།
  • ལེ་ཚན་རྗེས་མ།:ཐོལ་བྲིས་ཁ་ཚར་ཅན།