ཡུལ་ཤུལ་དུ་ས་འགུལ་བྱུང་ནས་ལོ་ངོ་བཅུ་ཡི་རྗེས།

ཟུར་མང་དཀར་ཡག་བཀྲ་ཤིས།        2020-05-20

ལོ་ངོ་བཅུའི་གོང་གི་ཞོགས་པ་དེར་དཔྱིད་ཀྱི་མེ་ཏོག་གསར་དུ་སྨིན་པ་དག་སད་ཀྱིས་ཁྱེར་ནས་རྨི་ལམ་གྱི་གཞིས་ཀ་ཐོག་གིས་གཏོར།

མིག་རྡེབ་ཙམ་གྱི་ཡུན་ལ་ལོ་ངོ་བཅུ་ནི་འདས་ཤིང་། ལོ་ངོ་བཅུ་ཡི་ལོ་ཟླ་རེ་རེ་ནི་འགྲོས་མགྱོགས་པའི་རྟ་མཆོག་ཅིག་དང་ཅི་འདྲ་མཚུངས་པ་ལ་ཨང་།

འདི་ནས་ཡར་བརྩིས་པའི་མི་ལོ་བཅུ་ཡི་གོང་གི་ཡུལ་ཤུལ་ནི་བཟའ་མི་ལྷན་འཛོམས་ཀྱི་ཁྱིམ་གཞིས་ཤིག་ཡིན་ལ། དེ་ན་འཛུམ་མདངས་དང་དགོད་སྒྲ་ཡོད།

བྱམས་བརྩེ་དང་བྲལ་ཞིང་གདུག་རྩུབ་ཆེ་བའི་ས་འགུལ་གྱིས་བགྲངས་ཀྱིས་མི་ལོན་པའི་སྐྱེ་འགྲོ་མང་པོའི་ཚེ་སྲོག་ཁྱུར་མིད་དུ་བཏང་ལ། རྒན་གཞོན་མང་པོ་དབང་པོ་སྐྱོན་ཅན་དུ་བཏང་སོང་།

ས་འགུལ་ལ་བྱམས་བརྩེ་མེད་ཀྱང་མི་ཡུལ་ལ་བྱམས་བརྩེ་ཡོད་པས་རིགས་མཐུན་སྤུན་ཟླ་གཙོས་པའི་རིགས་སོ་སོའི་མི་དམངས་ཀྱི་བྱམས་བརྩེའི་བདག་སྐྱོང་ཁྲོད་ནས་ཡུལ་ཤུལ་ནི་ནར་སོན་པའི་བྱིས་པ་ཞིག་དང་མཚུངས།

ཡུལ་ཤུལ་ནི་གྱང་ཆག་དང་ཐལ་རྡུལ་ཁྲོད་ནས་གོམ་པ་ཁྱར་ཁྱོར་སྤོ་མཁན་གྱི་བྱིས་པ་ཞིག་ཡིན་ལ། བྱིས་པ་དེ་ནི་ད་སྐབས་སྙིང་རྗེ་བའི་གསར་སྐྱེས་ཀྱི་མེ་ཏོག་དང་གཉིས་སུ་མེད།

ས་འགུལ་གྱི་ཉམ་ཉེས་ཁྲོད་ནས་ང་ཚོས་མི་སེམས་ཀྱི་བརྩེ་བ་རྟོགས་ཡོད་ལ། བརྩེ་བ་རེ་རེ་ནི་དུས་གཏན་ནས་གཏན་དུ་བརྗེད་པར་དཀའ་བ་ཞིག་རེད་ཨང་།

ས་འགུལ་གྱི་གདུག་རྩུབ་རེ་རེས་བྱིས་པ་རྣམས་ཕ་མེད་མ་མེད་དུ་བཏང་ལ། བཟའ་ཚང་འཆམ་མཐུན་ཅན་ཕོ་ཡུགས་མོ་ཡུགས་ལ་བཏང་སོང་།

ཡུལ་ཤུལ་ནི་ཆུ་བོ་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ན་ཆགས་པའི་གྲོང་ཁྱེར་ཞིག་ཡིན་ལ། ས་དེ་ནི་ཁམས་པའི་སྒྱུ་རྩལ་གྱི་ལྟེ་གནས་ཡིན།

༡༠

ལོ་ངོ་བཅུ་ཡི་རྗེས་ཀྱི་ཡུལ་ཤུལ་ནི་འཕོ་འགྱུར་མྱུར་ཞིང་།འཕེལ་རྒྱས་ཆེ་བའི་ས་ཁུལ་དམིགས་བསལ་བ་ཞིག་ཡིན་ནོ།

  • ལེ་ཚན་སྔོན་མ།:གསེར་གྱི་རྒྱ་སེ་མེ་ཏོག
  • ལེ་ཚན་རྗེས་མ།:བར་ཐག་རི་ཆུས་ བཅད་པའི་ཁྱེད།