ནད་དུག་དང་མི་སེམས།

སྨྱུག་སོན་ནོར་སངས།        2020-03-23

ནད་དུག་དེས།

གྲོང་ཁྱེར་གྱི་ཟང་ཟིང་།

ཞི་འཇགས་སུ་བཏང་སོང་།

འཁོར་རིགས་ཀྱི་དུང་སྒྲ་ཆད་ལ་ཉེ་སོང་།


ཇ་ཁང་དང་ཟ་ཁང་གི་སྐུ་མགྲོན་དེ་དག

སྡོད་མི་ཚུགས་པའི་བངས་ཆེན་དེ་དག

འཕེར་ཆོག་ཆོག་གི་མཆུ་ཏོ་དེ་དག

ཡུན་རིང་ཐབ་ཚང་དང་བྲལ་བའི་མི་དེ་དག

ཁྱིམ་གྱི་སྡོད་བྱ་རྩེ་གྲ་ཞིག་ཆགས་སོང་།

གཡོས་སྦྱོར་ལ་བྱང་བ་ཞིག་ཆགས་སོང་།


ནད་དུག་དེས།

མཆུ་ཏོ་ཁག་ཅིག་ལ་ལས་འགན་ཞིག་སྤྲད།

འཕྲིན་ཕྲན་གྱི་ཚོགས་པ་ཟང་ཟིང་དུ་བཏང་།

ནག་པོ་དགུ་སྦྱོར་ལ་འགྲེལ་བཤད་ཅིག་བརྩམས།

གསར་འགྱུར་ལ་འཁྱོག་བཤད་ཅིག་བྱས།

མི་སེམས་འགུལ་ཐུབ་པའི་མཆུ་ཏོ་དེ་དག

དུས་རབས་འདིའི་རྒྱན་ཆ་རུ་གྱུར་སོང་།


ཉམ་ཆུང་གི་ཚེ་སྲོག་ཕྲ་མོའི་མདུན་ན།

ནད་དུག་ནི་ཅི་འདྲའི་འཇིགས་རུང་ཞིག

ཅི་འདྲའི་རྒོལ་དཀའ་བའི་དུག་ཅན་ཞིག

ཡིན་ནའང་།   ཞེད་དགོས་མི་འདུག

དཔོན་པོ་བཟང་པོའི་སྣ་འདྲེན་ཡོད་པས།

གོས་དཀར་ལྷ་རྗེའི་བྱམས་སེམས་ཡོད་པས།

སྤྱི་བདེ་མི་སྣའི་དཔུང་རོགས་ཡོད་པས།

དང་བླངས་མི་སྣའི་ལྷག་བསམ་ཡོད་པས།

གཏན་ནས་ཞེད་དགོས་མི་འདུག

མི་སྣ་དེ་དག་ཡོད་པས།

ང་ཚོ་རྒྱལ་ཆོག་ཆོག་རེད་ཨང་།


ནད་དུག་ལས་འཇིགས་སུ་རུང་བ་མི་སེམས་རེད།

ཕུ་དཀྲུག་མདའ་དཀྲུག་བཟོ་མཁན་མི་སེམས་རེད།

བདེན་རྫུན་རྙོག་མ་བཟོ་མཁན་མི་སེམས་རེད།

ཡོད་ཚད་འདར་དགོས་བཟོ་མཁན་མི་སེམས་རེད།


སྡོད་མི་ཚུགས་པའི་རྐང་པ་དེ་དག

གནས་སྐབས་ཁྱིམ་ལ་བཞུགས་རོགས།

ལབ་མི་ཚར་བའི་མཆུ་ཏོ་དེ་དག

གནས་སྐབས་ཉི་མར་བསྲོ་རོགས།

ཤོར་ཆོག་ཆོག་གི་སེམས་པ་དེ་དག

གནས་སྐབས་ལྷོད་དུ་འཇུག་རོགས།

      


  • ལེ་ཚན་སྔོན་མ།:ན་ཆུང་སློབ་མ་ཚོར་ཕུལ་བའི་ནད་ཡམས་སྔོན་འགོག་གི་ཀ་རྩོམ།
  • ལེ་ཚན་རྗེས་མ།:རིམས་འགོག་པའི་སྙིང་སྟོབས།