རྟའུ་རྫོང་གི་ནད་པ་ཚོ་ལ་ཕུལ་བའི་སེམས་འཕྲིན།

སྤྲེལ་རྫོང་བསྟན་རྒྱས།        2020-03-17

རབ་དཀར་གངས་རིས་ཡོངས་སུ་བསྐོར་བ་ཡི།།

མཛེས་པའི་མེ་ཏོག་བཞད་པའི་ཁམས་ཀྱི་ཆར།།

མི་འདོད་ནད་ངན་རྟགས་ཙམ་ཐོན་པ་ལ།།

ལྷ་དང་བླ་མས་བྱིན་རླབས་ད་བསྩལ་རོགས།།

ཕ་རྒྱུད་སྤྲེའུ་བྱང་ཆུབ་སེམས་དཔའ་དང་།།

མ་རྒྱུད་བྲག་སྲིན་རྒྱུད་ལས་བྱུང་བ་ཡི།།

རིགས་དང་རུས་རྒྱུད་གཅིག་པའི་སྤུན་ཟླ་ཚོ།།

ཏོག་དབྱིབས་ནད་ངན་དེ་ལས་འགྲོལ་གྱུར་ཅིག།

གསར་བྱུང་གློ་དུག་ཟེར་བའི་གཉན་རིམས་དེ།།

གསོ་བཅོས་ལག་ལེན་ཟབ་མོའི་གདམས་པ་ལས།།

མིང་མེད་རྩ་ནས་གཞོམ་པའི་འབྲས་བུ་ཞིག།

ད་ལྟ་ཉིད་དུ་སྨིན་པར་བྱིན་གྱིས་རློབས།།

བསླུ་མེད་མཆོག་གསུམ་དད་པའི་གཙུག་ཏུ་ཆིངས།།

ནད་གདོན་གྲོལ་ཕྱིར་གཟུངས་སྔགས་ཟབ་མོ་ཟློས།།

རིགས་དང་སྤུན་ཟླའི་འཛུམ་མདངས་མ་ཡལ་བར།།

ཁྱེད་ཅག་ནད་ལས་གྲོལ་བར་རེ་བས་སྒུག།

ནད་དུག་ལུས་ལ་ཕོག་པ་སེམས་མ་ཕམ།།

མཆོག་གསུམ་བདེན་སྟོབས་མྱུར་མོར་ཐོན་ལ་ཉེ།།

རང་ལ་ལེ་བདའ་ཚིག་གིས་སེམས་མ་གསོད།།

རིགས་རྒྱུད་སྤུན་ཟླ་སྟོང་གི་རྒྱབ་སྐྱོར་ཡོད།།

        


  • ལེ་ཚན་སྔོན་མ།:རིམས་འགོག་པའི་སྙིང་སྟོབས།
  • ལེ་ཚན་རྗེས་མ།:ཝུའུ་ཧན་པ། རྟའུ་པ།