རྩོམ་པ་པོ་འགའ་ཡིས་ཁམས་རྟའུ་ལ་བྲིས་པའི་སྙན་ངག

        2020-02-27

སེམས་ཁྲལ་ལ་ཐོགས་པའི་རྟའུ།

འཇུ་སྐལ་བཟང་གིས་བརྩམས།

ཉིན་འདི་དག་རིང
ཛ་དྲག་ཆེ་བའི་ཐ་སྙད་མང་པོ་ཞིག་འཚང་ཀ་རྒྱག་གིན
ལག་འཕྲིན་གྱི་འཆར་ཤེལ་ངོས་སུ་ཤུད་ཀྱིན་འདུག་མོད
ཆུ་ཚོད་ཉེར་བཞིའི་ཁོངས་སུ་རྒྱུ་བའི་སེམས་ཁྲལ་ཆེ་ཤོས་དེ
རྟའུ་ཞེས་པའི་ཐ་སྙད་དེ་རུ་ཐོགས་ཏེ་ཡོད
དེ་རིང་གི་གྲངས་ཀ་སྔ་ཉིན་ལས་འཕར་བ་མཐོང་ཚེ
མཆིལ་མ་ཞིག་མགྲིན་པར་ཐོན་པ་ཁྲོག་གེར་མིད་བཞིན
ཡར་ལངས་དགོས་སམ་མར་སྡོད་དགོས་པ་ཧ་མི་གོར་བར་འདུག
བསམ་ཚོད་ལ  གདེང་ཚོད་ཅིག་གིས་ཕམ་ཁ་ཁུར་བའམ
བྱིས་བློ་གཙང་མ་ཞིག་ལ་བརྙས་བཅོས་ཤོར་བ་ལྟ་བུ་ཞིག་གིས
མིག་མཐའ་ལ་སྐྱུར་ཞིག་ལངས་ཏེ་བྱུང
རྟའུ།  ཁྱོད་ཤར་མཐའི་ཕྱོགས་ཀྱི
བོད་ཀྱི་རི་ལུང་ཟབ་ས་ཞིག་ན་ཡོད་སྐད
རྟའུ། སྔར་མདུང་རིང་འཕྱར་ནས་སྔོན་དུ་སྐྱོད་སྐབས
རྟའུ་ཁྱོད་མདུན་གྲས་ཤིག་ན་ཡོད་ཟེར
ད་ལྟའི་ཨ་རིའི་བཤམས་མཛོད་ཁང་གི་བོད་ཀྱི་རྟ་ཁྲབ་ཡག་པོ་དེ
ཁྱོད་ཚོའི་ཡིན་ཡང་ཅི་ཆ
བོད་བཙན་པོའི་མདུན་ཅོག་སྟེང་གི
དམ་བཅའི་རིལ་བུ་བགོ་བཤའ་བྱེད་ཉིན
ཁྱོད་ཀྱི་ཁོང་དུ་ཁས་ལེན་མི་ཆུང་བ་ཞིག་མིད་ཡོད་ངེས།
གཅོང་རོང་ཟབ་ས་དེར་བཙན་ས་འཛིན་ཉིན
ཁྱོད་ཁོང་གི་ཐུགས་ཀྱི་ཟབ་ས་ཞིག་ན་ཡོད
གླིང་གེ་སར་རྒྱལ་པོས་དམག་རྩིས་བྱེད་ཉིན
རྟའུ་མི་ཚོ་དམར་པོ་ཁྱོད་རང་ཡིན་ན
ཁྱོད་ཀུན་གྱི་སེམས་ཀྱི་དམར་ས་ཞིག་ན་ཡོད
རྟའུ། དེང་དུས་སྲོག་འཚོའི་ཐབས་རྩལ་གྱིས་ཁྱོད་རང་སྤང་མེད་ལ
བོད་པའི་སྨོན་ལམ་ཡོད་ཚད་ཁྱོད་ལ་ངེས་པར་ཐེབས་ངེས་ཡིན
རྟའུ། མི་ཤི་རྟ་འགྱེལ་དུ་མའི་ཁྲོད་ཁྱོད་ལ་བྲེད་ཤ་ལངས་མ་མྱོང་ན
འཕྲལ་རྐྱེན་འདི་ཙམ་གྱིས་ཁྱོད་ལ་དངངས་འཚབ་སློབ་བར་ག་ལ་ནུས
འོན་ཀྱང
ཐུགས་གཟབ་གནངས་དགོས  རྟའུ་ལགས
ཐུགས་གཟབ་ཅི་ནས་གནང་རོགས  རྟའུ་ལགས

རྩོམ་པ་པོ་འགའ་ཡིས་ཁམས་རྟའུ་ལ་བྲིས་པའི་སྙན་ངག

རྟའུ་ཕྱོགས་ལ་སྤྲིངས་བའི་སེམས་འཕྲིན།

ལྕངས་ཞབས་འགྱུར་མེད་ཚེ་དབང་།


སེམས་པ་རླུང་གིས་སྤུར་ནས།   ཉིན་རེ་བཞིན།
ཤར་དར་རྩེ་མདོ་ནས།
གསར་འགྱུར་ལ་རེ་སྒུག་བྱེད་བཞིན་ཡོད་དུས།    
ནས་གཏེར་ཕྱུག་མོའི་མདུན་གྱི།   རྟའུ་པདྨ་ཅན་གྱི་ཞིང་གི།
ནད་ཡམས་མང་ཉུང་གི་འགྱུར་བས། 
རེ་སྐྱིད་རེ་སྡུག་གི་རྟོག་རླབས་རྒོད་པས།
སྙིང་དུམ་བུ་འདི།   སྒང་ལ་འབུད་ཅིང་ལུང་ལ་འབབ།
འཕྲིན་སྐྱེལ་སྐྱ་དཀར་ཕྲ་མོ།   
ད་ནི་འཕྲིན་བཟང་ཁུར་ཤོག།
ནད་ཡམས་རྨང་ནས་ཞི་བའི།
འཕྲིན་བཟང་ཁུར་ནས་ཕེབས་ཤོག།
བཙན་པོའི་དཔུང་གི་ལོ་རྒྱུས་ཡོད་མྱོང་ས་དེ་ན།
ཡོངས་ལ་གྲགས་པའི་རུ་སྙིང་རྫོང་མཁར་དེ་ན།
རང་ཚུགས་ཅན་གྱི་གནའ་མྱི་ཡོད།
ལམ་གྱི་རེའུ་མིག་མདུན་རྒྱབ་རྣམས་སུ།
བསམ་ཤེས་ཅན་གྱི་ཚོང་པ་ཡོད།
དེ་དག་དྲན་ཐེངས་རེ་ལ།
སྙིང་གི་འཕར་རྩ་མཐོ་བྱུང་།
སྡེ་བ་གྲུ་བཞི་ཁྲ་མོའི་ནང་ན།
ལས་ལ་བརྩོན་པའི་དམངས་ཚོགས་ཡོད།
སྡེ་ཕྱོགས་དེ་ཡི་ངེས་མེད་རྣམས་སུ།
སྙིང་དང་འདྲ་བའི་སློབ་མ་མང་།
དེ་དག་དྲན་ཐེངས་རེ་ལ།
སྐྱོ་བ་འདི་ལ་ཚད་ཅིག་མེད།
ད་དུང་ངང་རྒྱུད་རིང་བའི་གྲོགས་པོ།
བྱམས་སེམས་ཅན་གྱི་ཨ་ཕྱི།
སེམས་པ་དཀར་བའི་ཨ་མྱེས།
རྩེད་ར་ནང་གི་བྱིས་པ།
དེ་དག་དྲན་ཐེངས་རེ་ལ།
ཡིད་ཀྱི་སྡོང་ལོ་ས་ལ་འཐོར་སོང་།

རྟའུ་པདྨ་ཅན་གྱི་ཞིང་ལ།
མ་གཞིར་སི་བོད་ཚང་གི་ཕ་ས་བྱས་མྱོང་ལ།
ལོ་རྒྱུས་ཀྱི་རྡོ་རིང་བཞེངས་མྱོང་།
དེ་ཡང་ལོ་ནས་ལོ་མཐུད།   ཟླ་བ་ནས་ཟླ་བ་མཐུད།
མི་ལོ་བཅུ་གཅིག་གི་ཕ་ས་ཡིན།
སྲིད་པ་ཆགས་པའི་གངས་རྒན་བྱས་མྱོང་།
ཁྱེད་ཚོ་མ་བདེ་ན་ང་ཚོ་ཅི་ལ་བདེ།
ཁྱེད་ཚོ་ལུས་གཟེར་ན་ང་ཚོ་སེམས་ན།
ད་ནི་རིམས་ནད་ཞི་བའི།
སྨན་རྣམས་མཐུ་དང་ལྡན་པ།
སེམས་ཀྱི་སྡུག་བསྔལ་ཞི་བའི།
སྔགས་རྣམས་ནུས་པ་ལྡན་པ།
སྡུག་བསྔལ་མཐའ་དག་ཞི་བའི།
ལུས་ཟུང་བཅུད་ཀྱིས་རྒྱས་པ།
ཐབས་དང་བཀོད་པ་བཟང་བའི།
དབུ་ཁྲིད་འཇོན་ཐང་ཅན་དང་།
བྱམས་དང་སྙིང་རྗེ་ཅན་གྱི།
དཔུང་དང་རོགས་སྐྱོར་བཟང་པོ།
ཞུམ་མེད་སེམས་དཔའ་སེམས་མ།
སྨན་པ་བཟང་པོར་བརྟེན་ནས།
ན་ཚ་རྨང་ནས་ཞི་སྟེ།
ལུས་བདེ་སེམས་སྐྱིད་ངང་ནས།
རང་དབང་གུ་ཡངས་སྟེང་ནས།
མྱུར་དུ་ལྷན་འཛོམས་བྱས་ཏེ།
བཀྲ་ཤིས་དགའ་སྟོན་དཔལ་ལ།
རོལ་བའི་སྨོན་ལམ་འདེབས་སོ།།

རྩོམ་པ་པོ་འགའ་ཡིས་ཁམས་རྟའུ་ལ་བྲིས་པའི་སྙན་ངག

རྟའུ་པ།

       སྨིན་དབུས་པོ།

     ལག་འཕྲིན་གྱི་ཁ་ཕྱེས་ཐེངས་རེར། རྟའུ་པ་ཞེས། རྒྱུས་ཡོད་མེད་མང་པོས་ལུང་པ་འུར་གྱིས་བཀང་ཡང་། ང་དང་ཤ་འདྲེས་ཁྲག་འདྲེས་སུ་གྱུར་པའི་རྟའུ་མི་ཚོ་དམར་པོ་ནི། ནམ་ཡང་སེམས་ཤུགས་ཀྱི་བདག་པོ་ཡིན།  དཔའ་བརྟུལ་རྒྱལ་མཚན་ཆོས་གྲགས་ཀྱིས་ཀི་སྒྲ་རི་ལ་མཆེད་བཞིན། ཁྲབ་དཀར་མོར་སྟག་གི་མཐའ་ཤམ་སྤྲད་ཅིང་། རྟ་རྒོད་པོས་རྨིག་པས་རྡུལ་དམར་གཙུབ་ཉིན་ནས། རྟའུ་པ་ནི། ངའི་སྟོབས་ཀྱི་དཔུང་པ་དང་། སེམས་ཀྱི་ཁེན་ཡ་ཡིན་པས། ངས་རྟའུ་པ་ནམ་ཡང་རྟའུ་པ་ཡིན་པར་སྨོན་ལམ་བཏབ་པ་ཡིན། རྟའུ་པ།

     སེམས་ཀྱི་རུམ་ཁ་ན་སྐྲ་ལོ་རླུང་གིས་གཡོ་བའི་རྟའུ་པ། ང་ནམ་ཡང་ཁྱེད་དང་འབྲལ་མ་མྱོང་། རིམ་ཡམས་ལ་བཤད་ཡམས་བསྣན་པའི་རླུང་དམར་ཤེད་ཀྱིས་སྤུར་ཚེ། ངས་ཁྱེད་ཉིད་ལྷག་ཏུ་དྲན་ཡོད། བཞིན་རས་ལ་བཙན་པོའི་སྨུག་རྩི་འཁྲིགས་ཤིང་། ངག་སྒོར་བརྡ་རྙིང་གི་གཞས་གདངས་འཁྱིལ་བའི་རྣམ་པ་དམིགས་བསལ་བ་རེ་རེ། ཡ་ཆུང་སྙིང་གི་གཏིང་རུམ་ལ་འཛུལ་ཐེངས་རེར། ངས་སེམས་ཀྱི་གཤོག་པ་ཤེད་ཀྱིས་བརྐྱངས་ཏེ།  སྐུ་བླ་དང་བཞག་བྲ་བརྒལ་ནས་ཡར་ལ་འཕུར། སྙི་ཆུ་དང་གཤིས་ཆུ་རྒྱུད་དེ་མར་ལ་མཆོངས། རབ་སྒང་དམུ་རྫེ་ཉག་ནས་རྒྱལ་སྲས་ལ་ཐོག་བར། ཉིན་གྲངས་མཛུབ་མོར་བགྲང་བཞིན། དུང་བ་རུམ་ལ་བཅུག། ཞེ་འདང་སྙིང་ལ་གླན། རྟའུ་དང་རིག་སྔགས་མཉམ་དུ་ཟློ་བཞིན། སེམས་ཀྱིས་ཁུར་ཏེ། ཡིད་ཀྱིས་སྲུང་ནས་ཡོད། རྟའུ་པ།

     རྟའུ་པ།རིམས་ཡམས་ནི་ལས་དང་རྐྱེན་གྱིས་བབས་འོང་བ་ལས། བཙན་དང་སྟོབས་ཀྱིས་སྦྱར་ཡོང་བ་ཞིག་མ་ཡིན་ཕྱིར།སེམས་དཔང་དམའ་དགོས་དོན་མེད་ལ། དམའ་ཡང་མི་སྲིད། དེ་བས་མུ་ནས་མུ་རུ། སྤོབས་སེམས་ཀྱི་རྒོལ་སྟོབས་ནི་རྒྱལ་ཁའི་རྩ་བར་འཛིན་རོགས། མདོར་ན་ང་ཡི་རྟའུ་པས་མེས་པོའི་རུས་རྐང་དང་ལས་འབྲས་སྙིང་ལ་མནན་ཏེ། ཆེད་མཁས་དང་ལྷ་རྗེ་ཚོའི་ལག་ལེན་དང་དུ་ལེན་བཞིན། ནམ་ལོ་གསར་བར་སྔར་ལྟར་དྭངས་གཙང་གི་མཁའ་དབུགས་རྔུབ་བཞིན། སྔར་ལས་ཀྱང་མཛེས་པའི་སེམས་དྲོད་ཀྱི་ཁོར་ཡུག་ཡངས་ས་ནས། འུ་ཚོ་འཕྲལ་རྐྱེན་ལས་རྒྱལ་བའི་དགའ་སྣང་དང་ལག་འཇུ་སྦྲེལ། སེམས་གཏམ་མང་པོ་ཞིག་གང་དྲན་དུ་གློད་ཐུབ་པའི་ཉི་མར་ཡིད་སྨོན་དང་ཡིད་ཆེས་བྱས་ཡོད། རྟའུ།

རྩོམ་པ་པོ་འགའ་ཡིས་ཁམས་རྟའུ་ལ་བྲིས་པའི་སྙན་ངག

རྟའུ།

རོང་བོ་དགེ་འདུན་ལྷུན་གྲུབ།

རྟའུ་ལགས། ངས་ཅི་ཞིག་འབྲི་དགོས་པ་རེད།
སྙན་ངག་པ་ཚོས། ཁྱེད་ཀྱི་ནམ་མཁའ་བྲིས་ཟིན།
ནམ་མཁའ་སྔོན་པོ་རེད། སྤྲིན་པ་དཀར་པོ་རེད་ཟེར།
སྙན་ངག་པ་ཚོས། ཁྱེད་ཀྱི་ས་གཞི་བྲིས་ཟིན།
ས་གཞི་གཙང་མ་རེད། ཆུ་བོ་དྭངས་མོ་རེད་ཟེར།
སྙན་ངག་པ་ཚོས། ཁྱེད་ཀྱི་ཁོག་པ་དང་གློ་བ་བྲིས་ཟིན།
ཁྱེད་ཀྱི་ཁོག་པ་ཡངས་མོ་རེད། གློ་བ་དཀར་པོ་རེད་ཟེར།
 
སྙན་ངག་པ་ཚོས། སོ་སོའི་མིག་མདངས་དང་དབུགས་ཀྱི་འབྱིན་རྔུབ་བྲིས་ཟིན།
མིག་མདངས་སྐྱ་བོ་རེད། དབུགས་རྒྱུན་འཁྱག་པ་རེད་ཟེར།
སྙན་ངག་པ་ཚོས།སྡེ་འདབས་ཀྱི་མཆོད་རྟེན་དང་མ་ཎི་འཁོར་ལོ་རེ་རེ་བྲིས་ཟིན།
མཆོད་རྟེན་གྱི་དབུ་རྩེ་དུབ་ཅིང་མ་ཎི་འཁོར་ལོ་དག་ལ་སྐྱོ་ཡུས་འདུག་ཟེར།
ད་རུང་སྙན་ངག་པ་ཚོས།ཁྱེད་ཀྱི་ཀྱག་ཀྱོག་གི་ལམ་དང་ཆུ་བོའི་ཕར་ཚུར་བྲིས་ཟིན།
ཁྱེད་ཀྱི་སྒོ་དང་སྒེའུ་ཁུང་དང་དེ་ཡི་འགྲམ་གྱི་མེ་ཏོག་བུམ་པ་སོགས་བྲིས་ཟིན།
སྙན་ངག་པ་ཚོས་ཁྱེད་ཀྱི་ཡོད་ཚད་བྲིས་ཟིན།
 
རྟའུ་ལགས། ང་ལ་ཅི་ཡང་ལྷག་མི་འདུག
ང་ཉིན་འགའི་རྗེས་སུ་ལུས་པས་ངོ་ཚ་ཡི་འདུག
ང་ཉིན་འགའི་རྗེས་སུ་ལུས་པས།
ངས་ད་ལྟ་སྙན་ངག་བྲིས་ན་དེ་ཙམ་གྱི་རྒྱུ་འབྲས་ཤིག་མ་རེད་འདོད།
 
རྟའུ་ལགས། ང་ནི་མིའུ་ཆུང་ཞིག་ཡིན།
གློ་ལུ་ཙམ་གྱིས་ཞེད་སྣང་བསླངས་ཏེ་ཉིན་འགར་རང་ཁྱིམ་དུ་བསྐུངས།
ཚ་བའི་འཕེལ་རིམ་ཙམ་གྱིས་ལུས་སེམས་འདར་ཞིང་།
མི་ཚོགས་དང་གྱེས་ཏེ་ཉིན་འགར་ཟུར་ཉལ་བྱས།
ད་རུང་། དབུགས་རྒྱུན་གཅོད་ལ་ཉེ་ཡང་ཁ་ཐུམ་བརྒྱབ་ནས་བསྡད།

རྟའུ་ལགས། དོན་དག་མང་པོ་ཞིག་གིས་ངའི་གཉའ་བ་བཅགས་ཏེ།
ཁྱེད་ཕྱོགས་ཀྱི་གསར་འགྱུར་རེ་བཀླགས་ཏེ་བསྡད།
ཉི་མ་རེ་རེར་གསར་འགྱུར་ངོས་ཀྱི་ཡི་གེ་ཤི་བོ་རེ་འགྲམ་པར་སྦྱར་ཏེ་བསྡད།
ཉི་མ་རེ་རེར་གསར་འགྱུར་དེ་དག་གསར་འགྱུར་དངོས་མ་ཞིག་མིན་ན་སྙམ་མོད།
འོན་ཀྱང་། གསར་འགྱུར་དེ་དག་བདེན་པ་རེད་ཟེར།
ཁྱེད་ཅག་གི་ས་ཁྲ་འང་མེ་ལྟར་དམར་པོ་རེད་ཟེར།

རྟའུ་ལགས།གལ་ཏེ་ངས་དོ་ནུབ་སྙན་ངག་གི་ནང་དུ་རྫུན་ཞིག་འབྲི་ཐུབ་ན།
རྫུན་མང་པོ་ཞིག་འབྲི་འདོད།རྫུན་མང་པོ་མང་པོ་ཞིག་འབྲི་ན་འདོད།

རྟའུ་ལགས། ད་ནི་ང་ལ་རྫུན་ཡང་འབྲི་རྒྱུ་ལྷག་མི་འདུག
མིག་ཟུང་བཙུམས་ནས་བསམ་བློ་གཏོང་རྒྱུའང་མི་འདུག
ང་ནི་ཞེད་སྣང་དང་བཅས་ཏེ་ཨར་འདམ་གྱི་ཁང་ཆུང་ཞིག་ཏུ།
རང་གི་གྲིབ་མ་འཁྱག་པའི་ནང་དུ་པུས་བཙུགས་ཀྱིས་བསྡད་ན་ཅུང་ཟད་བདེ་ཨང་།

རྩོམ་པ་པོ་འགའ་ཡིས་ཁམས་རྟའུ་ལ་བྲིས་པའི་སྙན་ངག


བདག་གི་རྟའུ་ལུང་པ།

རྒྱལ་ལྡོང་ཨོ་རྒྱན་དོན་གྲུབ།


གཤིས་ཆུ་སྔོན་མོ་དྲག་ཏུ་འབབ་པའི་གཡས་གཡོན་ན།
རྒྱང་ནས་ཉན་ན་མཐུན་སྒྲིལ་གྱི་ཨ་ལོང་དམ་པའི་ཡུལ་ཁམས་ཤིག
ཉེ་ནས་བལྟས་ན་ལྷུན་ཆགས་ངང་གཟི་བྱིན་གྱིས་འགྱིང་བའི་ཡུལ་གྲུ་ཞིག
སྣོད་བཅུད་ཀྱི་དཔལ་གཡང་མ་ལུས་ཀུན་ནས་འཛོམས་པའི་ཞིང་ས་སྟེ།
སོལ་དལ་གྱིས་འཚོ་བའི་ལུང་པ་ཁྱེད་ལ།
ཤར་ནས་མཆེད་པའི་ནད་དུག་ཞིག་གིས
ཁྱེད་ཀྱི་ལྷིང་འཇགས་ཀུན་ནས་དཀྲོགས་སོང་ཟེར་བ་བདེན་ནམ།
བདག་གི་རྟའུ་ལུང་པ་ཡ།
 
ནས་དེའུ་ཕྱུག་མོས་ཀླུ་ཡུལ་གྱི་ནོར་གཡང་མང་པོ་ཡུལ་འདིར་དྲངས་ཡོད་ཟེར།
རྣམ་རྒྱལ་མཆོད་རྟེན་གྱིས་ས་བཅུད་ཀྱི་སྤར་ཁ་མ་ལུས་ཡུལ་འདིར་སྤུངས་ཡོད་ཟེར།
རྨི་ལམ་གྱི་ཞིང་ནས་ཕུགས་འདུན་གྱི་ཉི་འོད་ཚེས་པའི་ཡུལ་གྲུ།
ཁྱེད་ནི་ས་དཔྱད་ཀྱི་རི་མོ་ཡོངས་སུ་ཚང་བའི་ཞིང་ཁམས་དེ་ཡིན།
སྣོད་བཅུད་ཀྱི་གཟི་བྱིན་འབར་བའི་ཞིང་ཁམས་ལགས།
ད་ཐེངས་ཁྱེད་ཀྱི་བཞིན་རིས་འགྱུར་ཏེ།
འགྲོ་ལམ་བཀག་ཅིང་ཁ་ཤུབས་གྱོན་ཡོད་ཟེར་བ་བདེན་ནམ།
བདག་གི་རྟའུ་ལུང་པ་ཡ།
 
ས་འགུལ་གྱི་ལོ་རྒྱུས་དེ་དག་དྲན་ན་ད་ཐེངས་འདི་ཨེན་ཙམ་རེད།
ས་ཆེན་གྱི་སེམས་དཔའ་དང་བྱང་སེམས་ཀྱི་བདག་ཉིད་ཅན་དག་གིས
ཁྱེད་ཀྱི་གཡས་ནས་སྐྱོར་ཞིང་གཡོན་ནས་སྐྱོབ་བཞིན་ཡོད་པས།
ཁྱེད་ཀྱི་མཛེས་སྡུག་གི་བཞིན་མདངས་རེ་རེ་ལ།
ཡིད་ཆད་ཀྱི་སྐྱོ་ཉམས་རེ་རེ་ཤོར་དོན་མེད་ཡ།
ཕུགས་འདུན་འཚོལ་སྙེག་གི་གོམ་སྟབས་རེ་རེའང།
མདུན་སྐྱོད་ལ་མཚམས་འཇོག་བྱེད་དགོས་དོན་ཡེ་ནས་མེད།
བདག་གི་རྟའུ་ལུང་པ་ཡ།
 
རྟེན་འབྲེལ་གྱི་ཁ་གཡང་འགྲིག་པའི་སང་ཉིན་སྔ་མོར།
ཁྱེད་ཀྱི་པང་ནས་ནད་དུག་མཐའ་དག་འཇའ་བཞིན་ཡལ་ཟིན་པས།
ཁྱེད་ཀྱི་རི་ར་བ་ཁང་ཁྱིམ་སྔར་བཞིན་གཡང་དུ་འཁྱིལ་ཡོད།
དེ་དུས་ཕྱི་མི་ནང་དུ་འོང་ཆོག་ལ།
ནང་མི་ཕྱི་ལ་འགྲོ་ཆོག
སྐབས་དེར་གོ་རེ་ཞིམ་པོ་རེ་ལ་ཙོང་གཙང་མ་རེ་སྤོད་བཞིན།
ཕ་སྐད་ཕ་ཡིག་གི་ལམ་ནས་ཁ་བརྡ་རེ་བཤད་ཆོག་པར་ཞུ།
བདག་གི་རྟའུ་ལུང་པ་ཡ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རྟའུ་པ།
  • ལེ་ཚན་རྗེས་མ།:དྲན་པ་ཉེར་བཞག་ཚང་གི་ལེགས་རྩོམ་གཅེས་བཏུས།