སྐུལ་ཚིག་ལས་འཕྲོས་པའི་དཔྱད་བརྗོད་ཟུར་བ་ཞིག

མཁན་ཚེར་རྡོར།        2020-02-25

༧ དྲི་བྲལ་ཤེས་རབ་ཀྱི་མངའ་བདག་འདྲེན་མཆོག་བླ་མ་དམ་པར་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།

རྣམ་དཔྱོད་མེ་དཔུང་ཕྱོགས་སུ་འབར་བས་སྐྱེ་དགུའི་རྨོངས་པའི་བུད་ཤིང་སྲེག།

བྱམས་བརྩེའི་དྲོད་ཁོལ་རྒྱུན་པར་མཆེད་དེ་ལྟོས་བཅས་སེམས་པ་གཟེངས་སུ་བསྟོད།།

ལུང་རིགས་འདབ་བརྒྱ་ཀུན་ནས་བཀྲོལ་བའི་ཕན་བདེའི་གཟི་དཔལ་སྐྱོང་མཛད་པའི།།

མཁས་ཤིང་བཙུན་པའི་ཡོན་ཏན་ཀུན་རྫོགས་ཆོས་མཆེད་རྣམས་ལ་སྙིང་ནས་གུས།།

     ཞེས་གུས་པའི་ཚིག་གིས་མདུན་བསུས་ཏེ་གང་ཞིག་གླེང་བར་འདོད་ན། ཉེ་ཆར་མཛའ་མཐུན་ཆོས་གྲོགས་འགས་སྐུལ་ཚིག་ལས་འཕྲོས་པའི་བགྲོ་གླེང་ཚིག་དུམ་འགར་གཞིག་འབྲས་སུ་བསྟར་བ་ལ།

༡༽ཐོག་མར་མཆེད་པོ་ཞིག་གིས་ཕྲི༵ས་ཞེས་པ་ཡི༵་གེ༵་འབྲི༵་བ༵འི་སྐུལ༵་ཚི༵ག་ཏུ༵་སྦྱར༵་བ༵་མ༵་ད༵ག་རྒྱུན༵་འབྱམ༵ས་སུ་འདོད་པར།

༢༽མཆེད་པོ་ཞིག་གིས། ཙ་སྡེ་ཡན་གྱི་མིང་གཞི་ཕོ༵༵་མོ༵་མ༵་ནི༵ང་གི༵་ཡི༵་གེ༵་ལ༵ས་བྱ༵་ཚི༵ག་གྲུབ༵་སྟ༵ངས་དང་འབྲོ༵ག་སྐ༵ད་ཀྱི༵་རྗོ༵ད་པ༵་རྒྱུ་མཚན་དུ་བྱས་ནས་འབྲི༵་བ༵འི་སྐུལ༵་ཚི༵ག་ཕྲི༵ས་ཞེས་དག་པར་སྨོས་སོ།།

༣༽ཡང་མཆེད་པོ་ཞིག་གིས་སྨྲས་དོན། ཕྲི༵ས་ཞེ༵ས་པ༵འི་ལ༵ས་ཚི༵ག་འདི༵་སྦྱིར༵་བཏ༵ང་བ༵འི་བྱ༵་ཚི༵ག་ཅི༵ག་གཞི༵་ན༵ས་མ༵་ཡི༵ན་པ༵་དང་འབྲོ༵ག་སྐ༵ད་ཕ༵ར་ཕུད༵་ཤུལ༵་དུ༵་གཞ༵ན་པ༵་ད༵ག་ལ༵་བརྗོ༵ད་མི༵་བདེ༵་བ༵་རྒྱུ་མཚན་དུ་བྱས་ནས་ཕྲིས་དང་བྲིས་ལས་ཡི་གེ་དང་རི་མོ་སོགས་འབྲི་བའི་སྐུལ་ཚིག་བྲི༵ས་ཞེས་འཐད་པར་འགོད་དོ།། ཇི་སྐད་དུ། མཁས་པས་བཤད་ན་ཅི་ཡང་བདེན།། ཞེས་པ་ལྟར་ཕྱོགས་རེ་ནས་བདེན་བདེན་ལྟར་སྣང་ཡང་མནོ་བསམ་ཞིབ་ཚགས་སུ་ཕབ་ཚེ་མི་འཐད་པའི་ཆ་རེའང་འདུག་སྙམ་པ་ནི། མཁས་པ་སྔ་མས་མཛད་པའི་ཡོངས་ཁྱབ་ཚིག་མཛོད་དག་ལས་དངོས་དང་བྲི་སྲོལ་གང་རུང་དུ་བཀོད་པའང་སྐད་ཡིག་གང་ཞིག་རྒྱུ་མཚན་གྱིས་སྤེལ་བར་སུས་ཀྱང་བསྙོན་དུ་མེད་ལ། དེས་ན་རང་ཅག་གིས་ཀྱང་གནོད་བྱེད་ཚབས་ཆེན་མ་མཐོང་བར་རང་གར་མཁས་པའི་ལེགས་བཤད་ལ་རང་བཟོས་སྐྱོན་འདོགས་འོས་མིན་སུས་ཀྱང་ཤེས་མོད། སྐབས་འདིར་ཁོ་བོའི་མཆེད་པོ་དག་གིས་ཀྱང་སྐུལ་ཚིག་ཅེས་པ་བྱ་ཚིག་གམ་ལས་ཚིག་ཡིན་མིན་གྱི་དོགས་པ་ཙམ་ཡང་མ་ཞུགས་པར་བྱ་ཚིག་ཡིན་ཤག་གིས་ཁ་དམར་སྣ་ཚོགས་གདགས་པ་ནི་ཅུང་མི་འཐད་པར་སེམས་མོད།འོན་ཀྱང་ཡི་གེ་སྡེ་ཚན་དང་ཕོ་མོ་མ་ནིང་གི་མིང་གཞིའི་གྲུབ་སྟངས་ལས་བྱ་ཚིག་གི་དཔྱད་བརྗོད་ཀྱི་རིགས་ལམ་དེ་ནི་ཁྱད་མཚར་ཞིག་ཏུའང་སེམས་སོང་། གཞན་འབྲོག་སྐད་ཕར་ཕུད་ཤུལ་གྱི་ཁ་སྐད་རྣམས་དང་མཐུན་པས་གོ་ཆོད་པ་ལྟ་བུའི་སྨྲ་བ་ཞིག་འདུག་ཀྱང་། སྔ་རབས་མཁས་པས་ལེགས་བཤད་ལས། བོ༵ད་སྐ༵ད་ཆོ༵ས་ད༵ང་མཐུན༵་པ༵་འབྲོ༵ག་པ༵འི་སྐ༵ད།།ཅེས་བོད་སྐད་དག་ཤོས་དེ་འབྲོག་སྐད་ལ་ངོས་འཛིན་གནང་བ་དེ་ལས་བརྒལ་ཏེ་ཡུལ་ལུང་ག་གེ་མོའི་སྐད་དང་མ་འགྲིག་ཚེ་མ་རངས་བའི་རྦད་ཁམ་དེའང་ཅུང་ཆེ་དྲགས་མ་སོང་ངམ་སྙམ་མོ།།གཞན་ཡང་ཕྲིས་ཞེས་པ་ཐོར་བུ་བའི་བྱ་ཚིག་ཏུ་སྨོས་པའི་གོ་བ་གང་དུ་བཅོལ་བ་ད་དུང་དཔྱད་གཞི་དམིགས་བསལ་བ་ཞིག་ཏུ་སོང་བས་བརྟག་འཚལ། ཁོ་བོས་ནམ་ཡང་། བརྡ་མཚོན་མིང་ཚིག་ཕྲི༵ས་དང་། སྨྲོ༵ས། སྨོ༵ས་སོགས་སྐུལ་ཚིག་རྣམས་ཀྱང་བརྗོད་འདོད་ཀྱི་རྗེས་ལས་བྱུང་བས་ན་སྔོན་བྱོན་ཚིག་མཛོད་ཡོངས་ཁྱབ་པར་འཁོད་ཚེ་གང་ལྟར་དངོས་སམ་བྲི་སྲོལ་དུ་བདག་གིར་བྱེད་ཅིང་སྐབས་བབ་དང་མཐུན་པར་ལག་ལེན་དུ་འདེབས་པ་དོན་ཆེ་བར་སེམས་ཏེ། ཆི༵ག་ཁྲི༵་བརྒྱ༵ད་སྟོ༵ང་བདུན༵་བརྒྱ༵་ཞེ༵་ལྔ༵འི་ནང་ཚན་ད་ལྟའི་བེད་སྤྱོད་སྟོ༵ང་བརྒྱ༵ད་ཀྱི་མིང་ཚིག་ཅིག་ཡིན་པས་སོ།།

༈ ད་དུང་ཆོས་གྲོགས་ཤིག་གིས། བྱེད་འབྲེལ་ལས་ཚིག་སྨྲ་བའི་སྐུལ་ཚིག་སྨྲོ༵ས་དང་ཚིག་མཛོད་རྣམས་སུ་བྱེད་འབྲེལ་ལས་ཚིག་ཏུ་སྨོས་པ་དུས་གསུམ་སྐུལ་ཚིག་དང་བཅས་སྒྲ་གཟུགས་མི་འགྱུར་བའི་སྨོ༵ས་གཉིས་དཔྱད་བསྡུར་གྱིས་རིགས་པ་བཀོད་པའང་རྒྱུ་མཚན་ཡང་དག་མ་ཡིན་པར་རྟོགས་སླ་ལ། གནའ་དེང་གི་དཔེ་གཞུང་མང་པོར་མགོ༵་སྨོ༵ས་པ༵ས་གོ༵་བ༵་ཞེས་སོགས་མཁས་པའི་ལག་ལེན་དུའང་མང་དུ་བྱུང་བ་ཀུན་ནོར་བ་རེད་ཅེས་པ་ཁ་རྦད་ཙམ་དུ་ཆགས་པ་མ་ཡིན་ནམ་སྙམ་མོ།།

སླར་སྨྲས་པ།

ཕུལ་བྱུང་རྣམ་དཔྱོད་སྟོང་ཆེན་མཁའ་ལས་ལྷག་བསམ་སྤྲིན་པའི་དབྱིངས་རུམ་ནས།།

མི་ཤེས་དྲི་མ་དག་པར་འཁྲུད་པའི་སྔོན་བྱོན་ལེགས་བཤད་བདུད་རྩིའི་ཆར།།

ཇི་བཞིན་རོལ་བའི་ཕུན་ཚོགས་སྐལ་བཟང་བློ་ལྡན་དགྱེས་པའི་དགའ་སྟོན་དེ།།

ཆུད་གཟན་མེད་པར་དྲིན་གཟོའི་བློ་ཡིས་མི་ནུབ་རྒྱུན་འཛིན་ཡ་རབས་གཤིས།།


འདི་བྲིས་བསོད་ནམས་གང་ཞིག་མཆིས་གྱུར་ན།།

ཝུ༵འུ་ཧ༵ན་ལས་མཆེད་གློ༵་ཚ༵ད་འཇ༵འ་ཡ༵ལ་མ༵།།

གཏན་དུ་འཇིལ་ཞིང་འགྲོ་ཁམས་དགེ་བའི་རྒྱུར།།

རྣམ་དག་སེམས་ཀྱིས་སྨོན་བཞིན་གྲུབ་གྱུར་ཅིག།

ཅེས་བོད་རབ་རྒྱན་ས་ཕག་རྒྱལ་ཟླའི་ནག་ཕྱོགས་སྟོང་པ་གཉིས་པར་ཁམས་ཚེར་མདས་ཤར་མི་ཉག་གསེར་ཕྱེ་ཐང་དུ་བྲིས་པ་དགེའོ།། །།

  • ལེ་ཚན་སྔོན་མ།:བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཀྱི་འབྱུང་ཁུངས།
  • ལེ་ཚན་རྗེས་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༡༽
  • དོ་སྣང་ཆེ་བའི་རྩོམ།