ཚོར་བའི་མགུར།

འཇམ་ཡི་དམ་རྒྱལ།        2020-01-18

    རང་སེམས་སོང་བའི་མི་ལ།།

    སེམས་ཐག་ཉེ་བའི་སྐད་ཆ།།

    གློད་གློད་བཤད་པའི་དུས་དེར།།

    ཚོར་སྣང་ཐོལ་ཐོལ་རྒྱས་བཞག།


    སེམས་ཀྱི་མེ་ཏོག་པདྨ།།

    མིག་གིས་ཚོར་བའི་ཆོག་པ།།

    སེམས་ཀྱིས་བཀླགས་པའི་ཆོག་པ།།

    སེམས་ཀྱི་ཕྱི་ནང་འདྲིས་སོང་།།


    རང་སེམས་ལྷ་དར་དཀར་པོ།།

    མ་ནོག་ཁྱེད་ལ་ཕུལ་ན།།

    སེམས་ཀྱི་དྲན་ཤིང་ལྕི་མོ།།

    ཚོར་བའི་རྐང་དུ་སིམ་ཤོག།


    དཀར་གསལ་བཅོ་ལྔའི་ཟླ་འོད།།

    ང་ཡིས་མིག་ལ་ཐོགས་ཏེ།།

    མཚན་གྱི་ཟླ་བའི་འོད་སྣང་།།

    སེམས་ཀྱི་དཀྱིལ་དུ་ལྟུང་སོང་།


    དང་པོ་མཐོང་བའི་མོད་ལ།།

    རིག་རིག་འདྲ་ལེ་སྐྱེས་སོང་།།

    རིག་བཟང་སེམས་ཀྱི་དྲན་ཤིང་།།

    ལས་ཀྱི་ཐུག་འཕྲད་བྱུང་སོང་།།


    འཛོམས་པ་ཡག་མོའི་སྐབས་དེར།།

    སྐད་ཆ་ཞེ་འདྲེས་གཏིང་འདྲེས།།

    ཁ་སེམས་མཐུན་པོ་བྱུང་བ།།

    སྨོན་ལམ་བཟང་བའི་རྟེན་ཡིན།


    མཚན་མོ་འུག་པ་བཞིན་དུ།།

    མཚན་ལམ་སྐད་ཆས་བསྐྱལ་བ།།

    སུ་དང་གང་གིས་མི་ཤེས།།

    གསང་གཏམ་ཆད་པ་མ་བྱུང་།།


    བར་ཐག་རི་ཆུའི་བཅད་ཅིང་།།

    སེམས་ཐག་ཉེ་ཉེ་བསམ་བཞིན།།

    སྙིང་གཏམ་བཞུར་རྒྱུན་གློད་པ།།

    ཞེ་རྩ་ཉེ་བའི་ཁྱེད་རེད།།


  • ལེ་ཚན་སྔོན་མ།:འགྲས་པ།
  • ལེ་ཚན་རྗེས་མ།:གྲོང་ཁྱེར།