འགྲས་པ།

གཞི་ཚང་ཟླ་བ་གྲགས་པ།        2020-01-16

ཡང་དག་སྤྲོས་དྲི་ནམ་ཡང་མ་འཐུལ་བར།།

ཐ་སྙད་འཇིངས་ལ་བྱིང་བའི་ནེ་ཙོ་པ།།

གོང་དུ་བཀུར་ཞིང་འདྲེན་པོའི་ཚུལ་འདི་ལ།།

བདག་ཀྱང་མི་རངས་གནས་ལུགས་ཤུམ་པར་བྱེད།།


དཀར་ནག་རྒྱུ་ལ་ཚོར་བ་མངར་སྐྱུར་སོགས།།

རྒྱལ་པོའི་མཛད་པ་བྲན་གྱིས་ཟློག་ཐབས་བྲལ།།

སྔ་ཕྱི་རྐྱེན་གྱིས་འཕེལ་བའི་བར་ཆད་གང་།།

སངས་དུས་ཡོད་ཀྱང་ལོ་ཟླ་འགོར་རམ་ཅི།།


སྲིད་པའི་ཉི་མ་རྒྱང་རིང་དབྱིངས་ན་གསལ།།

གཟུགས་པོ་རྐང་ལག་ཐག་པས་བཀྱིགས་ནས་འདུག།

ཡིད་ཀྱི་གཞུང་ལ་སྨུག་པའི་གཞིས་སྒར་ཆགས།།

བདག་ནི་ནམ་ཞིག་སྤྲིན་པའི་ཕ་རོལ་སླེབས།།


འཁོར་བ་འདི་ཉིད་རྒྱུན་དུ་འཁོར་ངེས་ཀྱང་།།

མི་ཡུལ་འཁོར་བ་དུས་ཚོད་འགྱང་ཞིང་དཀའ།།

གཙང་ཆུ་རིང་མོས་ཉིན་བཞིན་གངས་དང་བཀྱེད།།

བདག་གིས་སྨྲ་བ་མེད་པར་འཕག་འཚག་བརྒྱབ།།


ས་སྲོད་མཚམས་ནས་སྐྱོ་བའི་མགུར་མ་འཐེན།།

མཆི་མས་སྦངས་པའི་ལོ་ཟླར་ཕྱི་འདང་བྱས།།

རི་བོང་མ་སོད་སྡོམ་པ་ཤོར་བའི་གཏམ།།

ཡིད་ལ་བརྣགས་པས་བདག་ནི་ངུ་སྙིང་འདོད།།


སང་ཞོགས་ཉི་མའི་སྐྱ་རེངས་གྲོལ་བའི་དུས།།

པད་མའི་ཁྱུ་ཚོགས་རེ་ཞིག་བདེ་མོ་འཇོག།

འདས་པའི་ལོ་རྒྱུས་དག་ནི་ཡང་ཡང་བཀླག།

རང་ཉིད་འཚམ་པའི་ལམ་ལ་གཞུག་པར་བྱ།།   


  • ལེ་ཚན་སྔོན་མ།:འཆར་འདུ་འུར་གྱི་གསང་ལེན།
  • ལེ་ཚན་རྗེས་མ།:ཚོར་བའི་མགུར།