​བར་ཐག

གུ་དཔལ་ཤིས།        2020-01-15

རི་ལུང་གིས་བར་ཐག་ཆོད་པ་མ་རེད།

བར་ཐག་ནི་ཚོར་མེད་ངང་ཁུ་སིམ་དུ་ལུས་པ་དེ་རེད།


ཁ་ཡག་གིས་བར་ཐག་སྟུང་བར་མི་སྲིད།

བསླུ་བྲིད་ཀྱིས་བར་ཐག་སྡོམ་པར་མི་སྲིད།


བར་ཐག་ནི་གདོང་སྤྲད་ནས་འདུག་དགོས་པ་ཞིག་གཞི་ནས་མ་རེད།

ཞེ་དྲོད་མར་ཁུ་འདྲ་བོ་བློ་ཉེ་ལས་བར་ཐག་མ་རེད།


     ཡོད་མི་སྲིད།

སྐྱེད་ཚལ་དུ་བཞད་པའི་རྒྱ་སེ།

འཛུམ་ལྷུག་ལྷུག་གི་འདབ་མ་ཇི་ལྟར་གྲོལ་བར་བརྩམས་རུང་།

སྐམ་ཟིན་པའི་ཞེ་འདང་གི་རྒྱ་སེ།

རྨོ་འདེབས་ཀྱི་ཐབས་རྩལ་ཇི་ལྟར་བཀོལ་རུང་།

སླར་ཡང་བཞད་པའི་དུས་ཚིགས་ཤིག་ཡོད་མི་སྲིད།

    རྟ་ཕོ་འཚོལ་བ།

རྟ་ཕོ་ཁྱོད་གང་དུ་འདྲོགས་སོང་།

མཐའ་ཀླས་པའི་རྩྭ་ཐང་འདི་ནས།

ངས་ས་ཕྱོགས་གང་ཞིག་དུ་འཚོལ་དགོས་སམ།


འབྲོང་ཁྱུ་གཤར་བའི་རྫ་ལམ།

ཁྱོད་སྙེག་པའི་རྐང་རྗེས་ཡོད་དམ།


ཡུལ་གྱར་དུ་ཕྱིན་པའི་ཉག་ཁ་དེར་སོང་ན།

ཁྱོད་སོང་བའི་རྒྱབ་གཟུགས་དྲན་སྣང་དུ་མངོན་

ཐུབ་བམ།


          འཚོ་བ།

བལྟས་ཚོད་དུ་འཇམ་ཐིང་ཐིང་གི་འཚོ་བ་འདི།

ཅི་འདྲའི་ལྷོད་ཤ་ཆགས་པ་ཞིག་ཏུ་སེམས་ནའང་།

གཉིད་སོས་དལ་ཙམ་ཡང་ཁུག་ཁོམ་མི་འདུག

ཞོགས་སྲོད་ཀྱི་མཚམས་སྤྲིན་ལྟ་བུའི་མི་ཚེ།

སྐད་ཅིག་མའི་ཡུན་གྱི་འཆར་སྣང་རྒོད་ཀྱང་།

ཞེ་རྩ་རློན་བྱེད་ཀྱི་གཙང་བོ་མི་འདུག


        སྨྲེང་།

སྲོད་དབྱངས་འཇགས་ཤུལ་དུ་སྙན་འཇེབས་མ་ཚོར།

གྲིབ་མ་བོར་ཉིན་ནས་རང་ཉིད་མ་རྙེད།


ངལ་དུབ་ཀྱི་དཔྱིད་གླུ་འཐེན་རུང་།

ལྷོད་ལ་འབབ་ཐབས་མ་བྱུང་།


ཁྲག་འདྲེས་པའི་གཙང་བོ།

སྐྱོ་སྐྱོ་ངང་བཞུར་དོན་ཅི་ཞིག་ཡིན།


  • ལེ་ཚན་སྔོན་མ།:བརྩེ་སེམས་རྒྱ་མཚོ་སྐྱོམ་པའི་དྲན་པ།
  • ལེ་ཚན་རྗེས་མ།:ཚོར་བ་རང་ཡན་པ།