སྙན་ངག་ལྷ་མོ།

གྱིན་འདའ་བ།        2020-01-09

སྙན་ངག་གི་ལྷ་མོ་སྤྱིར་གཙུག་ཏུ་གསོལ་ནས།།

བག་ཆགས་ཀྱི་སྒྲིབ་པ་ཤེས་པ་ཡིས་བརྟོལ་ཏེ།།

ངེས་ཤེས་ཀྱི་འབྲས་བུ་སེམས་པ་ཡིས་མྱོང་ཆོག།


སྙན་ངག་གི་ལྷ་མོ་སྙིང་དབུས་སུ་བཞུགས་ནས།།

ཕ་མེས་ཀྱི་རིག་གཞུང་སྙིང་ཆུང་གིས་བགོས་ཏེ།།

བཅུ་ཕྲག་གི་ཕབས་རྒྱུན་སེམས་པ་ཡིས་སྦར་ཆོག།


སྙན་ངག་གི་ལྷ་མོ་དད་སེམས་ཀྱིས་བསྒོམས་ནས།།

ཉི་ཟླ་ཡི་ཞབས་རྗེས་ས་སྒང་ལ་བཀོད་དེ།།

མེ་ཏོག་གི་ཆུན་པོ་སེམས་པ་ཡིས་བརྟུལ་ཆོག།


སྙན་ངག་གི་ལྷ་མོ་མཆོད་ཆང་གིས་བསུས་ནས།།

ཚོར་མྱོང་གི་ཁ་མདོག་སྙན་ངག་གིས་བྲིས་ཏེ།།

ཚེ་སྲོག་གི་ཟིན་ཐོ་སེམས་པ་ཡིས་ཕབས་ཆོག།


སྙན་ངག་གི་ལྷ་མོ་ཡིད་མཁར་རུ་བཞེངས་ནས།།

དད་སེམས་ཀྱི་མེ་ཏོག་སྙིང་ཁ་རུ་བསྒྲོན་ཏེ།།

དུས་གསུམ་གྱི་མཆོད་ཆང་སེམས་པ་ཡིས་བཏེགས་ཆོག།


སྙན་ངག་གི་ལྷ་མོ་མཆོད་སྟེགས་སུ་སྦྲུམ་ནས།།

སྐྱིད་སྡུག་གི་རྐང་རྗེས་ལོ་ཟླ་རུ་བརྩེགས་ཏེ།།

ཕྱི་མིག་གི་རོལ་དབྱངས་སེམས་པ་ཡིས་དཀྲོལ་ཆོག།


སྙན་ངག་གི་ལྷ་མོ་སྙིང་ཁ་རུ་མོས་ནས།།

བརྩེ་དུང་གི་མེ་ཏོག་དུངས་སེམས་ཀྱིས་བཏུས་ཏེ།།

དྲན་གདུང་གི་དབྱངས་རྟ་སེམས་པ་ཡིས་གྱེར་ཆོག།


  • ལེ་ཚན་སྔོན་མ།:རླུང་བུ་ལྡང་ཕྱོགས་ཀྱིས།
  • ལེ་ཚན་རྗེས་མ།:བརྩེ་མགུར་ཡིད་ཀྱི་དྲན་ཤིང་།