སྒྱུ་མའི་རང་མདངས་མཚོན་པའི་གླུ།

འབར་མེ།        2019-12-06

   ཁག་དང་པོ། 


མཚོན་གྱིས་མི་སོད་དུག་གིས་མི་འཇོམས་པ།།

བརྩེ་བ་ཐུགས་རྗེ་ཆེན་པོའི་རང་གཤིས་ལ།།


དགའ་བའི་མི་གང་ན་བས་མི་ནོན་པ།།

སྲིད་པའི་རྒྱ་མཚོ་འཕྱུར་བའི་རྦ་རླབས་ཡིན།།


སྡུག་པས་མི་ཐུབ་བདེ་བས་མི་ཚིམ་པ།།

ཉོན་མོངས་ནད་དུག་བཙན་པའི་རང་བཞིན་ཡིན།།


ལག་པས་མི་རེག་བློ་ཡིས་མི་དཔོག་པ།།

གང་ཟག་དག་གི་རྒྱུད་ཀྱི་གཤིས་ཀ་ཉིད།།


བསྡད་པའི་མི་ཐོན་སོང་བས་མི་སླེབ་པ།།

ཟག་མེད་བདེ་བ་གནས་པའི་ཕོ་བྲང་ཡིན།།


      ཁག་གཉིས་པ། 


རྒན་དར་གཞོན་པའི་ཚེ་ནི་འཇའ་གུར་བཞིན།།

ཅི་ཙམ་འགོར་ན་དེ་ཙམ་དལ་བོར་ཡལ།།

འཆི་བདག་རྒོད་པོའི་ཕྱག་གི་ཞགས་པ་ནི།།

གྲིབ་མ་བཞིན་དུ་དེ་ཙམ་ཚུར་ལ་འོང་།།


ལུས་ཀྱི་དཀའ་བ་བརྒྱ་ཕྲག་སྤྱད་ནའང་།།

ངག་གི་ཉེས་པའི་ཚིག་ཀུན་སྤངས་གྱུར་ཀྱང་།།

རིག་སྟོང་བདེ་ཆེན་ཡུལ་ལ་ཆས་དཀའ་བས།།

ད་ནི་མི་སྡོད་བདག་མེད་སྤོངས་ལ་རེམ།།


ངན་སོང་གསུམ་ལས་གྲོལ་བའི་མཐོ་རིས་ལམ།།

རིགས་དྲུག་ལམ་ལས་ཐར་བའི་ཟག་མེད་ལམ།།

གཏན་བདེ་ལམ་ལ་བསྒྲོད་པའི་ལམ་གྱི་གཙོ།།

བདག་འཛིན་རྟོག་པ་བྲལ་བའི་ལམ་ཡིན་ནོ།།


དཔྱད་ན་མི་རྟོགས་ལྟས་ན་མི་མཐོང་བའི།།

བདེ་དང་སྡུག་གི་སྒྱུ་མའི་ཡུལ་ཁམས་སུ།།

བློ་ཡི་ཚོར་བ་ཅུང་ཙམ་རྣོ་རྒྱས་བས།།

ཐོལ་བྱུང་སྨྱུ་གུས་གསེང་ནང་དབང་མེད་འབྱིན།།

  • ལེ་ཚན་སྔོན་མ།:བསམ་གཞིག
  • ལེ་ཚན་རྗེས་མ།:རྙིང་སོང་གི་ལོ་ཟླ།