ཕྱིར་དྲན་ཐོལ་གྱིས་བླངས་བའི་དབྱངས།

ཁུག་ཤུལ་ཆུ་ཐིགས།        2019-12-02

ཨ་སྔོན་དགོང་ནས་སྤྲིན་པས་ལམ་ལ་བསྐྱལ།།

མེས་པོའི་རི་ཆུ་བརྒལ་ཏེ་ཕ་མཐའ་བགྲད།།

འདས་མ་ད་གསུམ་བསྣན་པའི་དུས་ཆེན་ནང་།།

མི་ལོ་དུ་མའི་འཛུམ་ཆུང་ཚེས་དུས་ཡོད།།


ཉི་མ་ནུབ་རི་གན་ནས་མ་རྒྱུད་གོང་།།

ཁོ་བོའི་ཞེན་ཆགས་རི་མོ་རྡུལ་གྱིས་སྦས།།

དུས་བཞིའི་ནང་ནས་སྟོན་རླུང་ངེས་མེད་གཡུག།

དམ་ཚིག་གཏིང་ལ་སྨྲེང་བའི་སྣང་བ་ཤར།།

ཞི་བའི་ཕ་ཁྱིམ་རྙེད་པའི་གཏན་སྟེང་ནས།།

ང་ཡི་མི་ཚེའི་གཉེན་གྲོགས་འཛོམས་ནས་བྲལ།།

སྐྱེ་འཆིའི་བར་གྱི་མི་རྟག་བརྡ་གླུ་བཀུག།

མྱོང་བའི་ཆོས་ལ་རྫོགས་ཚིག་བཞི་ཤད་བྲིས།།


ཁ་བའི་ཁྲུང་ཁྲུང་མཚོ་མཐའ་བསྐོར་ནས་འཕུར།།

མེ་ཏོག་སྣ་བརྒྱ་ཁུ་སིམ་ལྗོན་ནས་ལྡེམ།།

ཁང་སྟོང་ཆུང་ངུའི་དྲུང་ནས་ཕྱི་མིག་འཕངས།།

ཐོལ་གྱིས་བླངས་བའི་དབྱངས་རྟ་སྒོ་རུ་རྩིག།

རང་ཡུལ་ལུང་པ་གསེར་གྱི་འཛུམ་མདངས་ཕབ།།

ལྷ་ཤིང་ཤུག་པའི་མདུན་ནས་ཀི་ཞིག་བཏབ།།

ངེད་ཀྱི་ཐབ་ཚང་ནང་གི་དུ་བའི་རྒྱུན།།

ཕྱི་རུ་འཕྱུར་བའི་ནང་སེམས་རབ་ཏུ་གསོས།།


ཚེ་ཡི་ལས་འཕྲོ་མེ་ཏོག་ཁྲོད་ནས་རྙིད།།

སྲིད་པའི་དྲན་པ་བརྒྱ་ལ་མིག་ཆུ་སྟོང་།།

ཕྱིར་འོང་མེད་པའི་མི་ཚེའི་བར་ཐག་ནས།།

ནང་སེམས་སྐྱོ་མོ་ལམ་དང་ཟམ་པ་རེད།།

  • ལེ་ཚན་སྔོན་མ།:ཉི་མའི་མདངས་ལ་འཁུ་བའི་མ་ཡུམ་སློབ་གྲྭ།
  • ལེ་ཚན་རྗེས་མ།:འཆར་འདུ་འུར་གྱི་གསང་ལེན།