ཚེ་སྲོག་གི་བདག་མོ།

ཚེ་འཛིན་ལྷ་མོ།        2019-11-28

བྱམས་དང་བརྩེ་བའི་ཨ་མ་ལགས། 

བདག་གི་ཨ་མའི་དབུ་སྐྲ་ནག་ཅིང་འོད་འཁྱུག་པ་ཞིག་ཡིན། 

ཞལ་རས་ནི་ཆུ་ཤེལ་དཀྱིལ་འཁོར་དང་མཚུངས་ལ། 

སྤྱན་ཟུང་ནི་ཐོ་རངས་སྐར་ཆེན་དང་འདྲ། 

འཇིག་རྟེན་སྟེང་གི་ཨ་མ་ཚོ་ནི་རླབས་ཆེན་ཞིག་ཡིན། 

རྒྱུ་མཚན། ང་ཚོ་་ཟླ་དགུ་ཞག་བཅུར་ལུས་ལ་ཁུར་ཡང་། 

སྡུག་བསྔལ་དང་དཀའ་ངལ་ལ་མི་འཛེམ་པར། 

ཉིན་རེ་རེའི་ངལ་བ་གདོང་གིས་བསུས། 

ཨ་མ་ལགས། གལ་ཏེ། ཁྱེདརང་མེད་ན། 

ང་རང་འཇིག་རྟེན་འདིར་སླེབས་མི་སྲིད་ལ། 

འཇིག་རྟེན་ཟེར་བ་ཅི་འདྲ་ཞིག་ཡིན་པའང་ཤེས་མི་སྲིད། 

ཨ་མ་ལགས། བཀའ་དྲིན་ཆེ། 

ཁྱེད་ཀྱིས་ང་ལ་དལ་འབྱོར་གྱི་མི་ལུས་བསྩལ་ལ། 

ངེད་མིང་སྲིང་རྣམས་གཅེས་པའི་སེམས་ཀྱིས་བསྐྱངས། 

ང་ཚོའི་ཆེད་དུ། དཀའ་བ་དང་དུ་བླངས།

 ངལ་བ་ཁྱད་དུ་བསད། 

ཨ་མ་ལགས། 

ཁྱེད་ནི་ངེད་མིང་སྲིང་ཚོར་མི་ལུས་རིན་པོ་ཆེ་སྦྱིན་མཁན་དེ་ཡིན། 

ཁྱེད་ཀྱི་དགུན་ཁའི་ཁ་བ་དང་གྲང་ངར་ལ་མ་འཛེམ་པར། 

བུ་མོ་ང་རང་ཁུར་ནས། མི་ཚེའི་རྐང་ལམ་ཕྲ་མོ་དེད་ནས་སོང་། 

ཨ་མ་ལགས། 

ཁྱེད་ནི་ངའི་ཚེ་སྲོག་གི་མྱུ་གུ་ལ་གསོན་ཤུགས་བསྩལ་བའི་དཔག་བསམ་གྱི་ལྗོན་པ་ཡིན་ལ། 

ཁྱེད་ནི་ངའི་མི་ཚེ་ལ་འོད་སྣང་བསྩལ་མཁན་དེ་ཡང་ཡིན།

 མདོར་ན། ཁྱེད་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་ཡིན་པས། 

ང་ནམ་ཡང་ཁྱེད་ལ་དགའ།

ཨ་མ་ལགས།

  • ལེ་ཚན་སྔོན་མ།:སློབ་གྲོགས།
  • ལེ་ཚན་རྗེས་མ།:གསེར་མདོག་གི་ཞོགས་ལྗོངས།