གཅེས་ཕྲུག་ཚོ། རེ་ལྟོས་ཀྱི་མིག་ཟུང་ཕྱོགས་ས།

དར་རྒྱས་སྐྱིད།        2016-12-13

      མཁའ་དབྱིངས་ནས་ཁད་ཀྱིས་འཕགས་པའི་རྟ་བདུན་དབང་པོའི་འོད་ཟེར་དང་བསྡོངས་ཏེ་འཛུམ་ཞིག་སྟོན་དང་། དེ་རིང་ནི་ཏག་ཏག་ཁྱེད་ཚོ་ལ་དབང་བའི་ཉི་མ་སྟེ། རི་ལུང་ཐང་གསུམ་གཉིད་ལས་བསླངས་པའི་གར་ལ་རྩེན་ཆོག སྣ་མང་འདབ་ཆགས་བག་ལ་གཡེང་བའི་གཞས་ཤིག་གྱེར་ཆོག

      གཅེས་ཕྲུག་ཚོ། ཡིད་ཆེས་ཀྱིས་བསླེས་པའི་དཔེ་ཁུག་ཆུང་ཆུང་དེ་རྒྱབ་ཏུ་ཁུར་ནས་རྒོད་པོ་བཞིན་མཁའ་ལམ་ལ་བསྐྱོད་དང་། རེ་བ་ཡིས་སྤུད་པའི་ཤེས་རིག་གི་ཆོ་ལོ་དེ་རུམ་དུ་བཅུག་ནས་རྟ་མཆོག་བཞིན་ས་ཆེན་པོ་བང་གིས་འཇལ་ཆོག

       གཅེས་ཕྲུག་ཚོ། དེ་རིང་ནོར་འཛིན་མའི་པང་བ་ན་འཛུམ་དམུལ་དམུལ་གྱིས་མིག་ཟུང་རྡེབ་པའི་གསར་བཞད་ཀྱི་མེ་ཏོག་དེ་དག་གིས་ཀྱང་ཁྱེད་ཚོ་དང་ལྷན་དུ་དགའ་སྟོན་ལ་རོལ་བཞིན་མཆིས།

      གཅེས་ཕྲུག་ཚོ། དེ་རིང་གི་གཡའ་དག་པའི་ནམ་མཁའ་དང་སྔོ་ལྡེམ་པའི་ས་གཞི་ཁྱེད་ཚོར་དབང་། མཛེས་པ་དང་དགའ་བ་ཡོད་ཚད་ཁྱེད་ཚོས་ལོངས་སུ་སྤྱོད་ཆོག ཁྱེད་ཚོ་ནི་ཀུན་གྱིས་རེ་བའི་མིག་ཟུང་ཕྱོགས་སའི་མ་འོངས་པའི་སོན་རྩ་ཡིན་པས། བདེ་སྐྱིད་དང་དགོད་སྒྲའི་ངང་ནས་འཚར་ལོངས་བྱུང་ཤོག གཅེས་ཕྲུག་ཚོ།


  • ལེ་ཚན་སྔོན་མ།:རྫ་བུམ་ནང་གི་མེ་ཏོག
  • ལེ་ཚན་རྗེས་མ།:སེམས་ཚོར་མྱུར་མོ།