རྫ་བུམ་ནང་གི་མེ་ཏོག

ཨ་ཉི་ལྷ་བྷེ།        2016-12-13

གནམ་ཟླ་འདི། ཁ་བ་བབས་རྗེས་ཀྱི་ནམ་ཟླ་འདིར།

ཉི་འོད་མི་མཐོང་བའི་ཁང་ཆག་ཅིག་གི་ནང་རོལ་ན།

དུངས་པ་སེམས་སུ་མ་འབུས་པའི་མེ་ཏོག་རྐང་གཅིག

རྫ་བུམ་རྙིང་བ་ཞིག་ནས་ལུས་སོང་།

སེམས་པའི་ཕྱི་རོལ་གྱི་ཉི་མ་ཇི་ལྟར་དྲོད་དུས།

ཁང་བའི་ཕྱི་རོལ་ཏུ་བབས་པའི་ཁ་བ་ཇི་འདྲ་མཛེས་དུས།

རྫ་བུམ་ཧྲག་སེ་བཅགས་ནས། སྒེའུ་ཁུང་སིལ་སེ་བརྟོལ་ནས།

མགོ་བོ་ཕྱི་རོལ་ཏུ་ཇི་ལྟར་བསྲིང་འདོད་ནའང་།

ཞིག་རལ་དུ་གྱུར་པའི་ཁང་ཆག་འདི་ནས།

ཤི་མིན་གསོན་མིན་ངང་འཚོ་དགོས་པ་ཁོའི་ལས་དབང་ཡིན་པ་འདྲ།

ཚེ་སྲོག་ཏུ་རློམ་པའི་གཞུང་རྟ་སྐམ་སོང་བ་མིན་ནམ།

གཞུང་རྟའི་ཚིགས་བར་ལ་རྒས་འཁོགས་ཀྱི་ཕྱིར་མིག་ཅིག་ལྷུང་འདུག་ལ།

རེ་བའི་འབྲས་བུར་བསམ་པའི་ལོ་འདབ་རྙིད་སོང་བ་མིན་ན།

ལོ་འདབ་ཀྱི་ཕྱི་ངོས་སུ་ཕངས་སེམས་ཀྱི་རྨ་ཁ་ཞིག་བབས་འདུག

ཁ་བ་བབས་རྗེས་ཀྱི་ཞོགས་པར།

རེ་འདུན་གྱི་འཛུམ་དཀར་ཀློང་ནས།

བརྩེ་འདང་གི་ཆགས་ཞེན་དབུས་ནས།

སླར་ཡང་མེ་ཏོག་ཁོ་རང་དྲན་བྱུང་།

རྫ་བུམ་ནང་གི་མེ་ཏོག་གི་མ་འོངས་བསམ་བཞིན།

ཁ་བ་བབས་རྗེས་དཔྱིད་ཀ་ཡིན་ན་བསམ་བྱུང་།

རེ་འདུན་གྱི་སྤོབས་པ་མདུན་ནས་སྟེར་བའི་དཔྱིད་ཀ་ཡིན་ན་བསམ།

ལང་ཚོ་ཡི་བཀྲག་མདངས་རྒྱབ་ནས་བྱུག་པའི་དཔྱིད་ཀ་ཡིན་ན་བསམ།

ཇི་ལྟར་བསམ་ཡང་། གོ་རིམ་འདི་ཡི་ཕྱི་ནང་ན།

བརྩེ་བའི་ཞེན་འདང་སྟོང་བའི་བར་ནས།

གཞུང་རྟ་སྒུར་སོང་ནའང་སྟོབས་ཤུགས་ཟད་མེད།

འཛུམ་པའི་བཞིན་རས་བཅོས་མའི་བར་ནས།

ལོ་འདབ་འཐོར་སོང་ནའང་རེ་ཐག་ཆད་མེད།

ཆེས་མཐའ་མའི་དབུགས་ཀྱི་རྒྱུ་བ་ཕྲ་མོའི་ནང་ལ།

ཆེས་མཐའ་མའི་བླ་སྲོག་ཏུ་སྐུང་བའི་སྡུག་བསྔལ་གྱི་སྟོབས་ཡོད།


  • ལེ་ཚན་སྔོན་མ།:དུས་རབས་ཉེར་གཅིག་ལ་ཕུལ་བའི་དབྱངས་རྟ།
  • ལེ་ཚན་རྗེས་མ།:གཅེས་ཕྲུག་ཚོ། རེ་ལྟོས་ཀྱི་མིག་ཟུང་ཕྱོགས་ས།