སྡོང་མགོར་བབས་པའི་བྱེའུ་ཆུང་།

སྦྲ་དུངས་སེམས།        2019-11-13

སྔོན་བསགས་ལས་ཀྱིས་དེད་དེ།།

སྡོང་མགོ་གཅིག་ལ་བབས་སོང་།།

ཚོར་བས་ཟིན་པའི་སྣང་བརྙན།།

སེམས་ཀྱི་གཏིང་ལ་འཐིམ་སོང་།།


རླུང་བུ་གཡུག་ཐེངས་རེ་ལ།།

མི་རྟག་སྣང་བརྙན་འཆར་ཡང་།།

རླུང་བུ་འཇགས་པར་མཐོང་རྗེས།།

སེམས་པ་དྲོད་ཀྱིས་བཀང་ཡོང་།།


རླུང་བུས་བར་ཆད་མེད་ན།།

སྡོང་མགོར་གནས་ཚང་གཡར་ཆོག།

མཚན་མོར་རྒྱུ་སྐར་སླེབས་ཚེ།།

མཛེས་པའི་འཆར་བརྙན་བཞེངས་ཆོག།

རླུང་བུས་ཨུ་ཚུགས་བྱས་ན།།

སྡོང་ལོ་གཞན་དབང་འདུག་པས།།

མི་འགུལ་རང་དབང་མེད་ཀྱང་།།

གནས་སྐབས་བདེ་བར་བཞུགས་ཆོག།


ལས་དབང་ཁ་ལ་ཁྱེར་ནས།།

རླུང་བུ་གཤེ་གཤེ་མ་གནང་།།

ཕྲན་ཙམ་བདེ་བར་མཐོང་ན།།

ལོངས་སུ་སྤྱད་རྒྱུ་མ་བརྗེད།།


མཛེས་མཛེས་སྙིང་གི་མེ་ཏོག།

ཡུན་རིང་མི་སྡོད་འགྱུར་འགྲོ།།

སྡོང་ལོའི་སྟེང་གི་བྱེའུ་ཆུང་།།

དེ་དང་ནང་བཞིན་འཕུར་འགྲོ།།

  • ལེ་ཚན་སྔོན་མ།:མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་ལ་རྗེས་དྲན་ཞུ། ༼གཅིག༽
  • ལེ་ཚན་རྗེས་མ།:ཚོར་བ་འདིའང་སྙན་ངག་ཡིན།