​ལྷོད་ཆགས་པའི་ངག

གུ་དཔལ་ཤིས།        2019-11-06

ནམ་ཟླ་དཔྱིད་འགོར་ཁ་བ་བསྟུད་མར་བབས།།

ནོར་འཛིན་སྒེག་མོས་དངུལ་གྱི་ལྭ་དཀར་ནབ།།

གནམ་མདོག་འཐིབས་ནས་ཁངས་ཤིག་ཨེ་འབབ་ན།།

སྙམ་པའི་གྲང་རླུང་ཙག་གི་འཇམ་ཤ་རྒོད།།


གྲྭ་ཤག་སྒེའུ་ཁུང་ལྷིང་འཇགས་དབྱངས་ལ་སིམ།།

ལྷ་ཁང་རྒྱ་ཕིབས་གསེར་གྱི་འདབས་གཤོག་བརྒྱངས།།

གྲྭ་བཙུན་རེ་རེས་དམིགས་མེད་མཉམ་བཞག་ངང་།།

གསོལ་འདེབས་དངོས་གྲུབ་ཀུན་འབྱུང་ཕྲེང་བར་བཅད།།


སྤྱི་ཡི་བསྟན་དང་འགྲོ་བ་ཐུགས་ཁུར་འོག།

དགོས་སུ་ཚེ་དང་སྒྲུབ་པ་མཉམ་ཆེད་དུ།།

འདི་ལྟར་བརྩོན་པའི་བས་མཐའི་དགེ་སྦྱོང་དག།

འདི་དང་ཕྱི་མའི་དད་རྟེན་ཅིའི་མ་ལགས།།


ཡུལ་སྐོར་བ་དང་མཆོད་མཇལ་དད་འབངས་དག།

དམིགས་ཀྱི་འདུན་མ་གཅིག་ཏུ་མི་མཐུན་ཡང་།།

བྲེལ་བའི་ངང་ནས་སྒྱུ་འཕྲུལ་སྲང་ལམ་ཀུན།།

འདུ་འཛི་ཁེངས་ཤིང་རང་རང་ལས་ལ་བྲེལ།།


གཟིམ་ཤག་རབ་གསལ་གློག་སྒྲོན་འོད་ཀྱིས་བལྟམས།།

ཡང་སྟེང་རེ་ན་དབང་གི་དར་ལྕེ་ལྷེམ།།

ཡུལ་འདིའི་མཚན་མོར་ལམ་སྒྲོན་ཁེར་ཧྲེང་དག།

སྨྲ་བ་མེད་པར་ཀྲོང་ངེར་ཁོར་ཡུག་སྲུང་།།


ཕྱི་ཡི་འབྱུང་བཞི་འཁྲུག་ཀྱང་འཐད་ཀྱང་རུང་།།

ནང་གི་ཀུན་རྟོག་ཞི་བསིལ་ལྗོན་པའི་ཚལ།།

རེ་དོག་ཉོན་མོངས་འཆིང་བ་མ་ལགས་པས།།

ཞེ་བློ་བདེ་བའི་སྐྱེ་འགྲོའི་ཡིད་གར་འཛུམ།།

  • ལེ་ཚན་སྔོན་མ།:ལམ་ལ་ཆས་རོགས།
  • ལེ་ཚན་རྗེས་མ།:ཁ་ཆར་བུ་ཡུག་འཚུབ་དུས་ཡབ་ཡུམ་ལྷག་ཏུ་དྲན།