ལམ་ལ་ཆས་རོགས།

སྒོ་རང་གྲོལ།        2019-11-06

བདེ་སྐྱིད་ཀྱི་ནོར་བ་ཞིག་སྔོན་ལ་ཤོར་ནས།།

སྡུག་ཡུས་ཀྱི་བདེན་པ་ཞིག་རྗེས་སོར་མངོན་ན།།

ནང་སེམས་སུ་ནོང་འགྱོད་ཅིག་ད་ལྟ་སྐྱེ་བཞིན།།

མ་འོངས་ཀྱི་ལྷ་དབང་དེ་བསུ་རུ་ཆས་རོགས།།


ཡར་བལྟས་ཀྱི་ཟླ་བ་ཀན་ཁྱོད་ཀྱིས་རིག་གམ།།

ཁེར་རྐྱང་གི་ངུ་འབོད་དེ་སྨག་རིམ་ནང་རེད།།

མཚན་གཞུང་གི་ངོ་གདོང་འདི་ཁྱོད་ཀྱིས་མཐོང་ན།།

ཟླ་བ་ཁོ་ཁེར་རྐྱང་དུ་ལྷག་ཏུ་གསལ་སོང་།།


མིག་ཆུ་དང་སེམས་ངལ་དག་རང་སར་སྐམ་ནས།།

དགའ་བ་དང་འཁྲེང་ཞེན་ཚོ་སོ་སོར་བཀར་ན།།

འཇིག་རྟེན་གྱི་རེ་བ་ཞིག་ཤི་མ་གསོན་རེད།།

བསམ་བློ་ཞིག་སྣེ་གཉིས་ནས་གཅིག་དུ་ཀར་འགྲོ།


བློས་གཏོང་སོགས་ཡིད་ཆད་ཀྱི་ཚིག་འབྲི་དེ་དག།

གང་ཞིག་ནས་ཐོར་ན་ཅི་ཡིན་བསམ་ན།།

ནང་སེམས་ཀྱི་ཟབ་ས་དེར་ཚ་གདུག་ཆེ་སོང་།།

ངུ་བ་ལས་མིག་ཆུ་འདི་འབྱིད་རོགས་མེད་སོང་།།


སྐད་ཆ་ཡི་ཡིད་ཆེས་དག་སེམས་སུ་བསྙལ་ཡང་།།

གློ་བུར་དུ་འབྲེལ་ཐག་ཀན་ཉེ་ལ་རིང་བས།།

དོགས་པ་དང་ཐེ་ཚོམ་སོགས་ཐོད་ལ་གཟན་པས།།

འགྲེལ་བཤད་དང་གཏམ་གླེང་ཚོ་གསལ་མོ་མ་རེད།།


ད་སྐབས་ཀྱི་བྱ་ཚུལ་དེར་ལྟ་ཉན་མེད་ཅིང་།།

བློ་ཁོག་གི་ཁང་ཁྱིམ་དེ་སྟོང་བར་ལུས་སོང་།།

གྱང་ཆག་དང་ཁང་ཤུལ་ན་རིན་ཆེན་མེད་ཀྱང་།།

ད་དུང་ཡང་ཞེན་ཆགས་ཤིག་ཁོག་ལ་སྦས་ཡོད།།

  • ལེ་ཚན་སྔོན་མ།:མདའ་མོ་གཡང་རྫོང་ལ་བསྟོད་པ་མིའམ་ཅིའི་གླུ་དབྱངས།
  • ལེ་ཚན་རྗེས་མ།:​ལྷོད་ཆགས་པའི་ངག