ཕྱི་ནང་གཉིས་ཀྱི་ངའི་གཟུགས་བརྙན།

སྤྱང་བློ་ཤེར།        2019-11-01

འདས་པའི་ལོ་ཟླའི་དཔྱིད་དཔལ་བུ་མོ། །

མ་འོངས་དམིགས་འདུན་སྟོན་འབྲས་སྨིན་དུས། །

དུས་བཞིའི་འཚོ་བ་མེ་ལོང་གཟུགས་བརྙན། །

ང་ཡི་སྣང་བརྙན་འཆར་ཚུལ་རྣམ་གཉིས། །


སྤྱི་ཚོགས་ཁྲ་ཁྲ་གྲོག་མའི་འདུར་རྒྱུགས། །

ང་ཡི་སྙིང་རྗེའི་གངས་སེང་བརླག་ཉེན། །

ཐོས་བསམ་ཅོང་བརྡ་རྟག་ཏུ་བརྟེན་ནས། །

ལས་འབྲས་མཐུན་པའི་ཡང་དག་འཚོ་བ། །


ཕྱི་ཡི་མཛེས་པ་ཆར་ཤུལ་འཇའ་ཚོན། །

ནང་གི་རིན་ཆེན་ནམ་མཁའི་ནོར་བུ། །

མ་ལུས་ཀུན་བདེ་མུན་སེལ་སྨན་མཆོག །

བྱམས་དང་སྙིང་རྗེའི་འོད་སྣང་ཉག་གཅིག །


ཡང་དག་འདོད་འདུན་མུན་འཇོམས་འདྲ་བ། །

འཁོར་བའི་བུ་མོ་སྤྲིན་གྱིས་བསྒྲིབས་པ། །

བསམ་གཞིགས་མཚོ་མོ་ཡིད་བློར་འཕྱུར་ཡང་། །

རིང་དུ་འབྲལ་བའི་གྲུ་གཟིངས་མ་རྙེད། །


ཕྱི་ཡི་ཆ་རྐྱེན་དུག་རླངས་འདྲ་བ། །

ཐོས་བསམ་དོན་ལྡན་མི་ཚེ་ཤི་བ། །

ཕྱིར་རྟོག་བུ་མོའི་ཕོ་ཉ་གྲག་དུས། །

རང་ཉིད་ངོ་མ་སྔོན་ནས་བོར་འདུག །


སེམས་ཀྱི་ལེ་ལོང་ཉི་ཟླ་ཤར་ཡང་། །

འདོད་པའི་སྤྲིན་ནག་གློག་ལྟར་མྱུར་བས། །

རང་ཉིད་རྫུན་མ་ལྕགས་ཀྱུའི་ཁ་ན། །

ཉ་མོ་བཞིན་དུ་ཉམ་ཆུང་གྱུར་སོང་། །


བསམ་གཞིག་མེད་པའི་སྤྱི་ཚོགས་ཁྲོམ་པ། །

རང་རློམ་ཆེ་བའི་སྦལ་བའི་གང་འདུག །

དྲང་བོའི་གཏམ་ལས་ནམ་མཁའ་བཤད་ཀྱང། །

ཨུ་ཚུགས་ཆེ་བས་ཉི་ཟླ་མ་མཐོང་། །


རྫུན་གཡོའི་གད་སྙིགས་ཐང་དུ་བསྐྱུར་ནས། །

བདེན་པའི་ང་རོའི་དྲང་གཏམ་བརྗོད་ཀྱང་། །

དེ་ནི་མི་བྲིན་རླུང་ལ་འཁྱེར་བ། །

དེ་ལས་ལྡོག་པའི་ཕྱི་རྒྱན་བྲིན་འདུག


ཕྱི་ཡི་འཇའ་ཚོན་རྟག་པར་བསྒོམས་ནས། །

ནང་ནོར་རིན་ཆེན་གང་ཡིན་མ་རྟོགས། །

མ་གྱུར་འགྲོ་བ་ཀུན་ལ་མཁོ་བ། །

བྱམས་དང་སྙིང་རྗེའི་པད་དཀར་ཡིན་ནོ། །


བསམ་གཞིག་བུ་མོར་འདོད་པ་ཤོར་ནས། །

སྟ་གོན་འཚོ་བ་བློ་རུ་ཤར་དུས། །

ཆོས་དང་ཆོས་ཉིད་མཐུན་པའི་བདེ་བ། །

ལས་འབྲས་བཀུར་བ་ཡང་དག་འཚོ་བ། །

  • ལེ་ཚན་སྔོན་མ།:སྙིང་གྲོགས་ལ་བྲིས་པའི་སྙན་ངག
  • ལེ་ཚན་རྗེས་མ།:དབྱངས་གསལ་ལགས་བཀའ་དྲིན་ཆེ།