ཐོལ་བྱུང་སྙན་ཚིག་ཚངས་སྲས་ཀྱི་པི་ཝང་།

འཇམ་དབྱངས་ཚེ་རིང་།        2019-10-30

རྣམ་དཀར་དགེ་ལ་བཀྲ་བའི་བྱམས་བརྩེ་ཅན།།

ཤེས་རབ་འོད་སྣང་ཆེན་པོའི་བྱིན་རླབས་ཀྱིས།།

སྐལ་ལྡན་གཞོན་ནུའི་བློ་གྲོས་ཀུ་མུད་ད།།

ཡོན་ཏན་ཟེའུ་འབྲུས་བརྒྱན་མཛད་སློབ་དཔོན་ཉིད།།

ཁྱོད་ཀྱི་ཡོན་ཏན་དཔག་པར་དཀའ་མོད་ཀྱང་།།

བློ་དམན་བདག་གིས་དཔག་ཚོད་བརྗོད་འདོད་ནས།།

དབང་མེད་ལག་སོར་འགུལ་བའི་གར་སྟབས་ཀྱིས།།

མཆོད་ཚིག་ཟློས་པའི་གར་འདི་ཁྱེད་ལ་འཁྲབ།།

གཞོན་ནུའི་དུས་ནས་ངེས་འབྱུང་རྣམ་དག་གིས།།

རྣམ་དག་ཁྲིམས་ལྡན་གཞུང་ཆེན་སློབ་གཉེར་སོགས།།

ཉིན་མཚན་གཡེར་མེད་ངལ་བརྒྱ་བསྟེན་ནས་ནི།།

ཆུ་ཡི་ཐིགས་པ་བསགས་པས་རྒྱ་མཚོ་བཞིན།།

ཤེས་རིག་ཡོན་ཏན་མཁྱེན་པའི་གཏེར་དུ་འཁྱིལ།།

དགེ་བཤེས་མཚན་གྱི་སྙན་པས་ས་གསུམ་གང་།།

ཀུན་སྤྱོད་གཙང་བས་སློབ་ཚོགས་མཐའ་ནས་བསྐོར།།

ཆགས་སྡང་སྨྲ་བ་ཉུང་བས་ཀུན་དང་མཐུན།།

བླ་མའི་རྒྱུད་ཀྱི་ཡོན་ཏན་མ་ལུས་འབྱོར།།

བླ་མའི་བཀའ་གསུང་རྣམ་ཀུན་སྤྱི་བོར་མཛེས།།

བླ་མའི་བྱིན་རླབས་བསྩལ་བའི་བཤེས་གཉེན་མཆོག།

བླ་མའི་དྲིན་ལན་འཇལ་ལ་སྒོ་གསུམ་སྤྱོད།།

ཆོས་མཐུན་ཆོས་བཞིན་སྤྱོད་པའི་རྣམ་ཐར་ཟབ།།

ངལ་བ་ཁྱད་བསད་བུམ་པ་གང་བྱོའི་ཚུལ།།

རང་གཞན་ཀུན་ལ་ཡོན་ཏན་བསྩལ་བ་ཡིས།།

བླ་མའི་དྲིན་ལན་ཆ་ཙམ་དྲན་པས་ཀྱང་།།

བློ་ཡི་མུན་པ་སེལ་ལ་པདྨོའི་གཉེན།།

ཀུན་གསལ་ཡངས་པའི་མཁའ་ལྡིང་དབང་པོ་བཞིན།།

རྣམ་ཀུན་ཤེས་བྱའི་ཀློང་ཆེན་རབ་འབྱམས་ལ།།

གོམས་པའི་སྟོབས་ཀྱིས་རང་གཞན་སྐྱེ་འགྲོ་ཀུན།།

མཛད་འཕྲིན་འོད་སྣང་དཀར་པོའི་ཁྱམས་སུ་འདུ།།

ཁྱོད་ཀྱི་གསུང་རབ་བློ་ལྡན་ཚོགས་རྣམས་ཀྱི།།

བློ་གྲོས་རྣམ་པར་འབྱེད་ལ་ཟླ་བྲལ་བས།།

ཁྱོད་ཀྱི་བཀའ་དྲིན་རི་བོའི་གཟི་བརྗིད་ཀྱང་།།

བདག་བློ་ས་འཛིན་མཛེས་པའི་རྒྱན་དུ་ཆེ།།

དེ་སྐད་སྨྲ་བ་མགྲིན་པ་གསལ་བའི་སྐྱེས།།

གནམ་བསྐོས་གོང་མའི་ཞབས་རྗེས་མཛེས་པའི་གནས།།

པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོ་རུ།།

རང་སེམས་དར་དཀར་མཚོན་པའི་རྟེན་དུ་སྤེལ།།

  • ལེ་ཚན་སྔོན་མ།:ལུགས་མིན་ཅལ་འདྲོགས་རི་མོ།
  • ལེ་ཚན་རྗེས་མ།:སྙིང་གྲོགས་ལ་བྲིས་པའི་སྙན་ངག