ལུགས་མིན་ཅལ་འདྲོགས་རི་མོ།

སྤྱང་བློ་ཤེར།        2019-10-30

དབྱེ་འབྱེད་སྤང་བླང་འབྱེད་དཀའ་མུན་པའི་ཁམས། །

འོད་སྣང་སྒྲོན་མེ་ཟུང་སྤྲོས་མཆོག་ཕལ་ཆ། །

གཅིག་བདེན་ཆོས་ཉིད་མུན་སེལ་དེ་ཡི་ཕྱིར། །

སོ་སྐྱེས་ཀུན་མཁྱེན་བར་དུ་བརྩོན་པ་མཆོག །

    རྩོད་སྤོང་འགལ་འདུ་ཕྱོགས་བཞིའི་ཆུ་ཕྲན་དེ། །

ཆོས་ཉིད་གཅིག་བདེན་རྒྱ་མཚོ་ཆེན་མོར་འཁྱིལ། །

ཕྱི་ནང་ཤེས་རྟོགས་ཞེན་ཕྱོགས་ཤུགས་ཆེ་བས། །

ཀུན་གྱིས་ཁས་ལེན་བྱེད་ཡུལ་ཤིན་ཏུ་དཀོན། །

གདོང་མདོག་དཀར་ནག་ཡོད་པར་མཚར་མི་སྐྱེས། །

བདེ་ཐོབ་སྡུག་བྲལ་འདོད་པ་མཚར་ཞིང་བདེན། །

ཕྱི་ཡུལ་རྣམ་ཤེས་དོན་རྟོགས་བརྩོན་པའི་རྒྱུན། །

གནའ་ནས་ད་བར་སྒྲོན་པའི་ཤེས་རབ་མིག །

ཤེས་རབ་ཕྱོགས་ཆེ་ཡེ་ཤེའི་ལྷ་ཆེན་ཤི། །

དད་ཉམས་འཇིགས་སྐུལ་རྨོངས་པའི་བྱ་ཁྱུ་དེས། །

ཤེས་རབ་བར་སྣང་མ་མཐོང་འུར་ཟིང་ཙམ། །

བདེ་བསྒོམས་འཕྲལ་རྗེས་རྫུན་གྱི་རླུང་བུ་ལྡང་། །

གཏན་བདེའི་རི་མོ་བདེན་པའི་མེ་ལོང་འཆར། །

གནས་ལུགས་ཕྲ་མོ་ཤིན་ཏུ་རྟོགས་དཀའི་ཡུལ། །

མ་རྟོགས་བར་དུ་ཁྲིམས་ཀྱི་མདང་ལ་བརྟེན། །

དེ་མཐོང་གྱུར་ན་རང་བློ་རང་ལ་གསལ། །

འཕྲལ་ཕུགས་ལོངས་སྤྱོད་རོལ་ཤེས་མཁས་པ་གཅིག །

རང་གཞན་ཀུན་སྐྱིད་བྱམས་དང་སྙིང་རྗེ་གཉིས། །

ལོག་ལྟ་ཅན་དང་ངན་འཚོ་དེ་ལ་རྒོལ། །

གནས་ལུགས་ཆེ་དོར་སྤྲང་བོའི་ཆོ་གས་རྟོགས། །

དེང་གི་ཆ་རྐྱེན་རྒྱལ་བོའི་བང་མཛོད་འདྲ། །

མཁས་ཉུང་བདེན་དགའ་སྤྲང་བོའི་ནོར་དང་མཚུངས། །

ལུགས་མིན་ཅལ་འདྲོགས་འཚོ་བའི་འགྲན་རྩོད་ཅིག །

ད་ལྟའི་དུས་སུ་ཉི་མ་བཞིན་དུ་འཆར། །

  • ལེ་ཚན་སྔོན་མ།:ཚིག་ལ་བརྒྱུས་བའི་མིག་ཆུ།
  • ལེ་ཚན་རྗེས་མ།:ཐོལ་བྱུང་སྙན་ཚིག་ཚངས་སྲས་ཀྱི་པི་ཝང་།