རུས་པ་ཅན་གྱི་རྣལ་འབྱོར་པ།

འཇམ་དབྱངས་ཉི་མ།        2019-10-28

སྐྱེ་སྔོན་བག་ཆགས་གང་གིས་རྒྱུ་བྱས་ཏེ།།

མི་མཇེད་ཞིང་གི་མགྲོན་དུ་ཉེར་བྱོན་ལ།།

རྐང་གཉིས་གཙོ་བོའི་བསྟན་པའི་རྒྱལ་མཚན་བསྒྲེང་།།

མར་བའི་ཐུགས་ཀྱི་སྲས་གཅིག་མི་ལ་དྲན།།

ཡུམ་གྱི་བཀས་བསྐུལ་མཐུ་རྩལ་ལེགས་པར་བསྒྲུབ།།

དགྲ་བོ་ཚར་བཅད་ཡོད་ཚད་བདེ་ལ་བཀོད།།

འཇིག་རྟེན་སྣང་ངོར་དགྲ་འདུལ་གཉེན་སྐྱོང་མཛད།།

མཛད་པ་སྣ་ཚོགས་སྟོན་པའི་མི་ལ་དྲན།།

མི་ཆོས་རྒྱང་དོར་དམ་ཆོས་གཙུག་ཏུ་བཀུར།།

མི་གྲལ་ལས་བུད་དབེན་པའི་རི་ལ་ཕེབས།།

མི་ཡུལ་སྐྱེ་འགྲོར་ཉམས་མགུར་མང་དུ་གསུངས།།

མི་ཡི་མཆོག་གྱུར་གྲུབ་ཐོབ་མི་ལ་དྲན།།

ཆོས་ཕྱིར་དཀའ་བ་སྤྱད་ལ་སྔར་བྱས་སྡིག།

ཁོག་ཏུ་དུག་སོང་ཇི་བཞིན་འགྱོད་པས་བཤགས།།

སྐུ་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་བརྙེས།།

སྒྲུབ་བརྒྱུད་བསྟན་པའི་སྲོལ་འཛུགས་མི་ལ་དྲན།།

འདི་སྣང་ཆོས་ཀུན་སྒྱུ་མ་རྨི་ལམ་ཞེས།།

འཁོར་བའི་ཆོས་ལ་རྫོགས་ཚིག་བཞི་ཤད་བྲིས།།

མཛད་མེད་ཏིང་འཛིན་ཟས་ཀྱི་དཔལ་ལ་རོལ།།

ངེས་དོན་ཆོས་པའི་མཆོག་གྱུར་མི་ལ་དྲན།།

ཚེ་གཅིག་སངས་རྒྱས་མཛད་པ་མངོན་དུ་གྱུར།།

ལུགས་གཉིས་བསླབ་བྱས་འགྲོ་བའི་ཐུགས་རྒྱུད་གྲོལ།།

མཆོག་གསུམ་ཀུན་འདུས་རྫོགས་ཆེན་རྣལ་འབྱོར་པ།།

སྔགས་འཆང་བྱེ་བའི་གཙུག་རྒྱན་མི་ལ་དྲན།།

ཆོས་པ་སྒོམ་པར་རློམ་པ་མང་པོ་ཞིག།

ཆོས་བརྒྱད་བྲན་དུ་གྱུར་བའི་རྣམ་ཐར་ལས།།

ཆོས་ཚུལ་གང་ཞིག་གང་ལས་ལེགས་པར་གསན།།

ཆོས་པའི་རྣམ་ཐར་ལེགས་སྐྱོང་མི་ལ་དྲན།།

ནུབ་མེད་མཛད་རྗེས་རྡོ་རིང་སྲ་བརྟན་ཞིག།

གངས་ཀྱི་དབུ་རྩེར་བསྒྲེང་བའི་སྒོམ་ཆེན་ཏེ།།

མར་བའི་ཐུགས་ཀྱི་དགོངས་པའི་མཛོད་འཛིན་པ།།

གོས་ཧྲིལ་མནབས་པའི་རྣལ་འབྱོར་མི་ལ་དྲན།།

  • ལེ་ཚན་སྔོན་མ།:སེམས་པ་ཁྱོད་ལ་གླན་ཡོད།
  • ལེ་ཚན་རྗེས་མ།:ཚིག་ལ་བརྒྱུས་བའི་མིག་ཆུ།