ཏིང་འཛིན་ཀློང་གི་མིག་ཆུ།

གཟབ་ཉན་པ།        2019-10-11

སྨྲེང་སེམས་ཆུ་མོ་ཤང་ཤང་བཞུར་བ་དང་།།

དྲན་པའི་ཤེའུ་ཆུང་རི་ལ་ཤོར་བ་སྟེ།།

སེམས་ཀྱི་རི་བོར་སྨུག་ཞག་འཁྱིལ་བ་སོགས།།

ཁེར་རྐྱང་ཏིང་འཛིན་ཀློང་གི་མིག་ཆུ་ཡིན།།


ཞེན་ཆགས་སྟོང་ཕྲག་ཁྲི་ཡི་བཟི་ཁ་ནས།།

སྙིང་ཆུང་འདར་བའི་སྒྲ་དབྱངས་འབྱིན་པ་དང་།།

དབུ་མནའི་དམ་ཚིག་སྙིང་ལ་བརྐོས་པ་སོགས།།

ཁེར་རྐྱང་ཏིང་འཛིན་ཀློང་གི་མིག་ཆུ་ཡིན།།


བརྩེ་འཕྲིན་བྱེའུ་གྲེ་འགྱུར་བསྐུར་བ་སྟེ།།

བར་ཆད་རླུང་གིས་གནམ་ལ་སྤུར་བ་དང་།།

རྒྱང་རིང་སྙིང་ཉེའི་སྙན་དུ་མ་འཕྲོད་པ།།

ཁེར་རྐྱང་ཏིང་འཛིན་ཀློང་གི་མིག་ཆུ་ཡིན།།


བརྩེ་བའི་དར་ཐག་རིང་མོ་མ་ལྷོད་པར།།

ཞེ་འདང་ལྟེམས་མེར་འཁྱིལ་བའི་ཁྱོད་ཕྱོགས་སུ།།

སྐྱོ་བའི་ལག་ཟུང་ཐོད་ལ་ཀེར་བ་སོགས།།

ཁེར་རྐྱང་ཏིང་འཛིན་ཀློང་གི་མིག་ཆུ་ཡིན།།


སྐྱོ་སྡུག་དྲན་པས་གཟིར་ནས་སྦྲིད་པ་དང་།།

ཉི་ཤུའི་ལང་ཚོའི་མེ་ཏོག་རྙིད་པ་སྟེ།།

ཁྱར་འཁྱོར་གོམ་པའི་འདེགས་འགྱོགས་ལྷོད་པ་སོགས།།

ཁེར་རྐྱང་ཏིང་འཛིན་ཀློང་གི་མིག་ཆུ་ཡིན།།


ལས་འཕྲོ་རི་མོ་ཁ་དཀར་གཏིང་ནག་འདིས།།

ཡིད་མཐུན་གང་ཞིག་སྙིང་ལ་བཏབ་པ་དང་།།

བརྩེ་བའི་མུ་ཏིག་ཚེ་ལ་བསྟར་བ་སོགས།།

ཁེར་རྐྱང་ཏིང་འཛིན་ཀློང་གི་མིག་ཆུ་ཡིན།།


དྲན་གདུང་རྨ་ཁས་གང་བའི་མྱ་ཐང་ནས།།

སྐྱོ་སྡུག་བྱེ་བ་ཕྲག་བརྒྱའི་བཞེངས་བཀོད་དེ།།

མི་ཁའི་རླུང་བུ་གཡུགས་ལ་མི་འཇིགས་པར།།

ཁེར་རྐྱང་ཏིང་འཛིན་ཀློང་ནས་སྙན་ངག་བྲི།།

  • ལེ་ཚན་སྔོན་མ།:​མེས་རྒྱལ་ལ་བླངས་པའི་གླུ།
  • ལེ་ཚན་རྗེས་མ།:ཕ་ཡུལ།