ང་དང་མ་ཡུམ་མེས་རྒྱལ།

སྲད་འདབ་གསར།        2019-10-10

འཆར་སྒོའི་གསང་བ་བརྟོལ་ཏེ།

ཡིག་འབྲུའི་གྲོང་ལ་འཁྱམ་མཁན་དེ་ང་ཡིན།

སྨྱུ་གུའི་རྐྱལ་བ་སྒུལ་ཏེ།

ཚོར་འདུའི་གྲུ་རྫིངས་དེད་མཁན་དེ་ཡང་ང་ཡིན།

ལྷོ་ཕྱོགས་འདི་རྒྱ་མཚོ་ཞིག་ཡིན་ན།

འགྲན་རྩོད་ནི་རྦ་རླབས་ཤིག་རེད།

འཛམ་གླིང་འདི་ནམ་མཁའ་རང་ཡིན་ན།

འགྲན་རྩོད་ནི་གློག་དམར་ཞིག་ཅི་ལ་མིན།

དམར་ཆིལ་ཆིལ་དུ་གཡོ་གྱིན་པའི་དར་ཆ།

ངའི་མེས་པོའི་རྣམ་ཤེས་ཀྱིས་བཙིར་བའི་ཟུངས་ཁྲག་ཡིན་ལ།

འོད་ཆེམ་ཆེམ་དུ་འཕྲོ་བཞིན་པའི་སྐར་མ།

ངའི་མེས་པོའི་བློ་རིག་གིས་འཚེར་བའི་

ཟིལ་རྔམ་གྱི་བཀྲག་མདངས་ཀྱང་ཡིན།

ཉི་ཟླ་གཟའ་སྐར་གྱི་མ་ཎི་ཆུ་འཁོར།

དབྱར་དགུན་སྟོན་དཔྱིད་ཀྱི་ཤིང་ལོ་སྒྲོལ་མ།

ཁྱོད་ཀྱིས་ཀྲུང་ཧྭ་ཟེར་བའི་གྱད་མི་ཞིག་རིག་ཨེ་མྱོང་།

ཁྱོད་ཀྱིས་ཀྲུང་ཧྭ་ཟེར་བའི་དབྱངས་འགྱུར་ཞིག་ཐོས་ཨེ་མྱོང་།

ཡ་གླིང་ཤར་མ་ན་ངའི་མེས་རྒྱལ་ཆགས་ཡོད།

རི་བོ་དང་ཆུ་བོའི་ཕང་བ་ན་ངའི་མེས་རྒྱལ་འགྱིང་ཡོད།

ས་འདི་ནི།        

གསར་རྟོགས་བྱིས་པའི་གསོན་ཤུགས་ཀྱི་རྩེད་ར་ཡིན་ལ།

གནས་འདི་ནི། ལོ་རྒྱུས་རྒད་པོའི་བང་སོའི་བཤམ་

མཛོད་ཅིག་ཀྱང་ཡིན།

དགུང་ཨ་སྔོན་དབྱིངས་ན་གླག་རྒོད་ཀྱིས་མིག་ཟུང་ཅེར་ས།

ས་དོག་མོའི་ཞིང་ན་དབུགས་ཆགས་ཀྱིས་མཐེ་བོང་ཀེར་ས།

ཆུ་ཀླུང་ཁམས་ཆེན་མོའི་ཕྱུག་བདག་གི་སྐུ་མགྲོན་རྙིང་པ།

ཨེ་མ།  འདི་ནི་སུ་ཡང་མ་ཡིན་ཏེ།

མིང་དུ་ཀྲུང་ཧྭ་ཀྲུང་ཧྭ་ཞེས།

སྒལ་ཚིགས་ཀྲོང་ངེར་བསྲིངས་བའི་ངའི་མེས་རྒྱལ་དེའོ།།

སྐད་དུ་ཀྲུང་ཧྭ་ཀྲུང་ཧྭ་ཞེས།

མགོ་བོ་མཐོན་པོར་བཏེགས་པའི་ངའི་མེས་རྒྱལ་དེའོ།།

མི་ལོ་དུ་མ་དུ་མ་ཞིག་གི་སྔ་རོལ་དུ།

སྐར་ལྔའི་དར་དམར།

ཁྱོད་ཀྱི་ང་རོ་དང་ཁུ་ཚུར་གྱི་འོག་ནས།

རུ་ངར་བའི་འདྲེ་དམག་གི་མགོ་ལག་བཅད་ཅིང་།

ཁྱོད་ཀྱི་ཟིལ་རྔམ་དང་འོད་ཟེར་འོག་ཏུ།

ཁྱོན་ཡངས་བའི་ཁྱིམ་ཚང་ང་དྲུག་གི་ལང་ཚོ་ཡང་དར།

ཀྱེ་ཀྱེ།

ལོ་དང་ཟླ་བ་ཡི་དྲི་ཟའི་བུ་མོ།

ཁྱོད་ཀྱིས་ཀྲུང་ཧྭ་ཟེར་བའི་དྲི་ལ་མནོམ་ཨེ་མྱོང་།

ཁྱོད་ཀྱིས་ཀྲུང་ཧྭ་ཟེར་བའི་རོ་བཅུད་དེ་སྒོམ་ཨེ་མྱོང་།

དེ་བས་ཀྱང་། ཁྱོད་ཀྱིས་ཀྲུང་ཧཱ་ཟེར་བའི་དུས་རབས་ཀྱི་

རྒྱ་སྟག་ཁྲ་མོ་དེར་རེག་ཨེ་མྱོང་།


  • ལེ་ཚན་སྔོན་མ།:ངའི་ཐབ་ཚང་།
  • ལེ་ཚན་རྗེས་མ།:​མེས་རྒྱལ་ལ་བླངས་པའི་གླུ།