དྲིན་ཕ་མ་ལས་ལྷག་བཤེས་གཉེན་བསྟོད།

རྣམ་རྭ་ས་རྟ།        2019-09-09

ལུས་རྒྱབ་མདུན་མེད་པའི་དར་དཀར་ལ།།

སེམས་ཕྱོགས་ཞེན་མེད་པའི་ཉི་ཟླ་བཞིན།།

གསུང་ཁུ་བྱུག་ལྟ་བུའི་སྒྲ་གྲག་ལས།།

རྒྱུད་ཆུ་མོ་བཞིན་གྱི་བཤེས་གཉེན་བསྟོད།།


དུས་བཟང་པོ་དབྱར་གྱི་ལང་ཚོ་ལ།།

ཆུང་བྱིས་པའི་ཤེས་ལམ་མྱུ་གུ་འདིར།།

བྱམས་བཤེས་གཉེན་རྣམ་པས་སྦྲང་ཆར་ཕབ།།

དྲིན་འདི་འདྲའི་འབྱུང་གནས་བཤེས་གཉེན་བསྟོད།།


གནས་རིག་བཅུའི་བདག་པོ་ཁྱེད་ཚོ་བརྗོད།

གཞུང་མ་ཡིག་སྦྱང་དགོས་ལྡེ་མིག་ཡིན།།

ཚན་ཤེས་རིག་བློ་གཏད་ངེད་ལ་བཅོལ།།

ཐབས་ཤེས་རིག་མཁས་པའི་བཤེས་གཉེན་བསྟོད།།


ཡུམ་མེས་རྒྱལ་བདག་པོ་ཁྱེད་ཚོ་བརྗོད།།

རྒྱུད་མི་རིགས་དར་རྒུད་ཁྱེད་ཚོ་ཡིན།།

ལམ་མཐུན་སྒྲིལ་ལྡན་དགོས་སྤུན་ཟླ་རེད།།

ཞི་བདེ་སྐྱིད་འབྱུང་གནས་བཤེས་གཉེན་བསྟོད།།


དུས་མ་འོངས་ཁ་ཕྱོགས་ད་ལྟ་བརྗོད།།

ད་མ་གཡེང་འབད་པའི་འཁོར་ལོ་བསྐོར།།

གཏམ་ལུགས་མཐུན་བསླབ་བྱ་བདག་ཚོར་གནང་།།

དྲིན་བདེ་ལམ་སྟོན་པའི་བཤེས་གཉེན་བསྟོད།།


ཁ་ལག་པ་བཞིན་དུ་བྲལ་མེད་གནས།།

ལུས་གྲིབ་མ་བཞིན་དུ་འགྲོགས་ནས་ཡོང་།།

ཐུགས་གངས་ལ་འགྲན་པའི་ལྷ་བུ་བཞིན།།

དུས་སྦྲང་ཆར་འདྲ་བའི་བཤེས་གཉེན་བསྟོད།།


ཉིན་ཉི་མ་བཞིན་དུ་ངེད་ཚོར་ཤར།།

མཚན་ཟླ་བ་བཞིན་དུ་བདག་ཚོར་ཕྱོགས།།

དགུང་སྐར་ཚོགས་འདྲ་བའི་འཛུམ་དཀར་ཅན།།

དྲིན་ཉི་ཟླ་ལས་ལྷག་བཤེས་གཉེན་བསྟོད།།


དྲིན་ཕ་ལས་ལྷག་པའི་ཤེས་རབ་ཅན།།

བྱམས་མ་ལས་གཅེས་པའི་གཤིས་རྒྱུད་ཅན།།

གྲོགས་བརྩེ་བ་ཅན་ལས་ལྷག་བསམ་བདག།

དྲིན་ཕ་མ་ལས་ལྷག་བཤེས་གཉེན་བསྟོད།།


ཕ་ཨ་ཁུ་ལས་ཀྱང་ཐབས་བརྒྱ་བ།།

མ་སྲུ་མོ་ལས་ཀྱང་ཇུས་སྟོང་ཅན།།

གཉེན་སྤུན་མཆེད་ལས་ཀྱང་ཤ་ཚ་བདག།

དྲིན་ཤ་རུས་ལས་ལྷག་བཤེས་གཉེན་བསྟོད།།


ལྟོགས་ཟས་ལ་དུངས་པའི་ངང་ཚུལ་བཞིན།།

སྐོམ་ཆུ་ལ་གཅེས་པའི་ཉ་མོ་ལྟར།།

ནད་སྨན་ལ་དགའ་བའི་མཛའ་བརྩེ་བཅས།།

ལམ་འདི་གསུམ་ངང་ནས་བཤེས་གཉེན་དྲན།།


མགོ་ཡར་བསྟོད་ནང་གི་སྐྲ་ལོ་འདྲ།།

མིག་ཁྲ་ཆུང་སྟེང་གི་རྫི་མ་བཞིན།།

ཁྱེད་སློབ་མའི་ཚོགས་ཀྱི་རྒྱན་དུ་སྤུད།།

ལུས་སྲོག་རྩ་ལྟ་བུའི་དགའ་གུས་ཡོད།།

  • ལེ་ཚན་སྔོན་མ།:སློབ་དཔོན་དྲན་པའི་གདུང་འབོད།
  • ལེ་ཚན་རྗེས་མ།:དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་ཆུང་ངུ་།