སློབ་དཔོན་དྲན་པའི་གདུང་འབོད།

ཞོ་ར་བསམ་འགྲུབ་རྒྱལ།        2019-09-09

སྐར་ཚོམ་ཟུར་མིག་གཡོ་བའི་མཚན་ལྗོངས་ཀྱི་ངོགས་ནས།།

ཀྱི་ཧུད་དྲན་གཞིག་ཟབ་མོའི་བསིལ་རླུང་དང་བསྡོངས་ཏེ།།

སྟོན་ལོ་སེར་པོ་གཙང་བོའི་འགྲམ་གཞུང་ལ་ལྷུང་དུས།།

མྱ་ངན་མིག་ཆུའི་ཕྲེང་བས་གྱོན་གོས་ནི་བརླན་བྱུང་།།


རབ་འབྱམས་རིག་གཞུང་རྒྱ་མཚོའི་གན་མཛོད་དུ་གྱུར་ཅིང་།།

གཞན་གཅེས་ལྷུར་མཛད་ལྷག་བསམ་པད་དཀར་གྱི་རང་མདངས།།

སྣོད་བཅུད་ཞི་བའི་སྦྱོར་བར་ཐབས་ཤེས་ཀྱིས་དཀྲི་བའི།།

སྐྱབས་གཅིག་སློབ་དཔོན་དམ་པ་སྙིང་དབུས་ནས་དྲན་ཨང་།།


མཆོག་སྐུ་བཅོས་མེད་སྙུན་གཞིའི་བདུད་རྒན་གྱིས་བཅུམས་ནས།།

གཟིམ་ཁྲིའི་སྒང་ཁར་ལྷུང་བའི་གཏམ་ཆ་འགའ་ཙམ་ཡང་།།

བླུན་རྨོངས་གྱི་ན་བདག་འདྲའི་སྙན་དབང་ལ་མ་སོན།།

ནོངས་འགྱོད་སྐྱོ་གླུའི་དབྱངས་རྟ་མགྲིན་ངག་ལས་དྲངས་བྱུང་།།


ལོ་ཟླའི་བགྲོད་པ་ཆུ་ལྷའི་ལྟོ་བ་རུ་བཞུར་ཞིང་།།

རེ་ཐག་དར་གྱི་མདུད་སྟོང་མ་བཅོས་ཀྱིས་གྲོལ་ནས།།

ལྷགས་རླུང་སྨྱོ་ཉམས་རྒོད་པའི་ས་སྲོད་ཀྱི་མཚམས་འདིར།།

དྲན་པའི་གདུང་འབོད་རྒྱང་གི་ལྷོ་མཐའ་རུ་བྱེར་སོང་།།


གསེར་ལྗོངས་དགེ་ཐོན་རིག་པའི་སྡིངས་ཀ་ཡི་དབུས་ནས།།

ཐོས་བསམ་དོན་གཉེར་བློ་ཡི་དབྱུ་གུས་རང་བསྐུལ་བས།།

གང་གི་ཞབས་སྟེགས་འདུད་པའི་སྐལ་བཟང་ཉིད་སྨིན་པ།།

སློང་མས་གསེར་རྡོག་རྙེད་པའི་སྤྲོ་དགའ་ཡིས་མཚོན་མིན།།


མི་རྟག་ལས་ཀྱི་བསྐོས་ཐང་བཟློག་མེད་དུ་འདུག་ཀྱང་།།

ཡུན་ཐུང་ཚེ་འདིའི་མཛད་པ་ཅི་བྱས་དག་དྲན་ཞོར།།

ས་སྟེང་འདི་གར་གཏན་མེད་གྱུར་བ་ཉིད་བསམ་ན།།

གློ་བུར་རྐྱེན་འདིས་བྲང་ཁོག་ཕྱེད་གཤགས་སུ་བཏང་སོང་།།


དྲན་ནོ་མཆོག་སྐུ་གསེར་གྱི་ལྷུན་པོ་རང་དྲན་བྱུང་།།

བྱོན་ཅིག་སཱ་ལའི་སྨན་གྱི་ཞིང་མཆོག་ཏུ་བྱོན་དང་།།

མྱ་ངན་མིག་ཆུ་སྐྱུར་བོའི་ཆུ་རྫིང་དུ་ལུས་པའི།།

རིགས་མཐུན་མཆན་བུའི་ཕྱག་ཟུང་སྙིམ་པ་རུ་སྦྱར་ཡོད།།


ཚེ་རབས་ཕྱི་མའི་སྐྱབས་རྗེ་འགྲོ་འདྲེན་གྱི་བླ་མ།།

བསླུ་མེད་ཐུགས་རྗེའི་བྱིན་རླབས་གྲུ་ཆར་གྱི་མཐུ་ཡིས།།

བདག་གི་སྐྱབས་དང་དཔུང་གཉེན་དྲིན་ལྡན་གྱི་སློབ་དཔོན།།

འཇིགས་རུང་བར་དོའི་འཕྲང་རིང་འགྲིམ་རོགས་ཤིག་མཛོད་ཅིག


  • ལེ་ཚན་སྔོན་མ།:ཤིན་ཏུ་འཁྱག་པའི་གཞས།
  • ལེ་ཚན་རྗེས་མ།:དྲིན་ཕ་མ་ལས་ལྷག་བཤེས་གཉེན་བསྟོད།