ཤིན་ཏུ་འཁྱག་པའི་གཞས།

གཡེར་མོ།        2019-09-06

ཤིན་ཏུ་འཁྱག་པའི་གཙང་བོའི་ངོས་ནས།།

སྨག་དང་འདྲེས་པའི་མཚན་མོ་དེ་ཡིས།།

ཡིད་ཀྱི་གཞུང་ལ་སྨུག་པ་འཐིབས་བྱུང་།།

སྨུག་པའི་ཨ་ལོང་བརྒྱུས་པའི་དུས་ཚོད།།

ལུས་སེམས་འཁྱག་པའི་ནད་པ་ཇི་བཞིན།།

མཚན་མོའི་ལྷིང་འཇགས་སྙིམ་པ་སུམ་བྱུང་།།

སེམས་དང་སེམས་བྱུང་ཁྱུ་གཅིག་ངོས་སུ།།

ཁྱེད་ཉིད་གློ་བའི་ཟབ་སར་ལྷུང་བའི།།

སེམས་པའི་གཡས་གཡོན་ཆར་བས་བརླན་བྱུང་།།

རྨི་ལམ་འཁུར་བའི་སྣང་བརྙན་གྱ་གྱུར།།

རྟོགས་པ་ཡོན་པོའི་མགུར་རེ་བླངས་ཏེ།།

འཛུམ་མདངས་དམུལ་དམུལ་མཆི་མ་བཞུར་བྱུང་།།

མཚར་སྡུག་སྦྲུམ་པའི་སྨྲེང་བའི་དོ་ཤར།།

རིག་འཛིན་དབང་མོའི་ང་ལ་བསླབས་ཏེ།།

ང་ཡི་མཚན་མོའི་ནམ་མཁའ་སྒུལ་བྱུང་།། 

  • ལེ་ཚན་སྔོན་མ།:འཁུན་ཚིག
  • ལེ་ཚན་རྗེས་མ།:སློབ་དཔོན་དྲན་པའི་གདུང་འབོད།