ལྕེ་མདུད། 2019-08-30
མི་ཚེ་དཔྱིད་དཔལ་གྱི་སྡོང་ལོ།།
བྱི་རུའི་ནགས་ཚལ་དུ་འཐོར་བྱུང་།།
ཡིད་དབང་མཛེས་སྡུག་གི་རི་མོ།།
དྭངས་གཙང་ཆུ་མིག་ལས་གདོལ་བྱུང་།།
རོལ་དབྱངས་ཁེར་འབུད་ཀྱི་དབྱངས་དེས།།
སེམས་སུ་སྐྱོ་དུབ་རང་བསལ་མོད།།
དྲན་པའི་སྙིང་དབུས་ཀྱི་ཕུགས་ན།།
གཡུ་ཡི་སྦྲང་མ་ཁྱེད་མི་འདུག།
འཚོ་བ་མག་མོག་གི་དབྱངས་དེ།།
སྐྱོ་སྣང་དྲན་གདུང་གིས་བསྒུལ་བྱུང་།།
ཚོར་སྣང་དྭངས་མ་ཡི་རང་གཤིས།།
སྨྱུག་གུའི་སྟོབས་ཤུགས་ལ་བསྒྱུས་འགྲོ།།
གསེར་མདོག་ཉི་ཟེར་གྱི་འོད་ལས།།
མུན་པའི་སྒྲིབ་པ་དེ་བསལ་ནས།།
མཐོང་སྨུག་སྦྲ་ནག་གི་ཕྱོགས་སུ།།
གོམ་པ་སྤོ་འདོད་ཀྱིས་བྲེལ་ཡོད།།
ཁྲོམ་ནག་གཙང་བོ་དེ་བརྒལ་བའི།།
དབྱངས་ཀྱི་ཟམ་པ་ཞིག་བཙུགས་ཡོད།།
སེམས་སུ་འཆར་སྣང་གི་སྒུལ་ཤུགས།།
ཚིག་གསུམ་ཐ་སྙད་ལས་བསྲིངས་ཡོད།།
རྩོམ་གསར། 10