ཨ་ཕ་ལགས། སེམས་ཀྱི་གངས་རི།

དབང་གྲགས་རྡོ་རྗེ།        2019-08-27

མི་ལོ་ལྔ་བཅུར་ཐིམ་པའི།

སེམས་སུ་དྲོད་ཁོལ་གནང་བའི་ཨ་ཕ་ལགས།

མི་ལོ་ལྔ་བཅུ་ནི།

ཁྱེད་ཀྱི་དགའ་སྡུག་གི་འཚོ་བའི་མངར་སྐྱུར་ཡིན།


འདས་སོང་ལ་ཕྱིར་རྟོག་བྱས་ཚེ།

ཁྱེད་རང་ཆུང་དུས།

སྤྱང་ཀི་བཞིན་རྒྱབ་རྟེན་གྱི་གཉེན་ཉེ་མེད།

ཁྱེད་ལ་རེ་ཆད་དང་སྐྱོ་སྣང་མེད་པར།

བརྩོན་འགྲུས་ཀྱི་རྟ་ཕོ་བཞོན་ནས་རྒྱུག

ཁྱེད་ཀྱིས་མཚན་མོའི་འཇིགས་སྣང་བསད་དེ།

སྐྱ་རེངས་ཀྱི་འཛུམ་མདངས་བསྒུག


ཨ་ཕ་ལགས།   སེམས་ཀྱི་གངས་རི།

འཁོར་བའི་ཉིན་སྲིབ་ཀྱི་སྡིག་སྒྲིབ་ལས།

ཁྱེད་རང་ནི་ཅི་འདྲའི་གྲང་ཨང་།

ཁྱེད་ཉིད་གྲང་དོན་ཡོད་ཚད།

ངེད་བཟའ་མི་ཚོའི་སླད་དུ་མ་ཡིན་ནམ།

བྱམས་བརྩེའི་བལ་ཁ་འཇམ་པོས།

ངེད་བཟའ་མི་ཚོ་རྟག་ཏུ་བདེ་ཞིང་སྐྱིད་པར་རུམ།


ཨ་ཕ་ལགས།

ཁྱེད་ཉིད་ཡོད་པས།

ང་རང་ཧ་ཅང་དྭངས་གཙང་ཡིན།

ཁྱེད་ཀྱི་སློབ་གསོའི་ཐིགས་པ་རེ་རེས།

ངའི་སེམས་ཀྱི་རྩྭ་ཐང་དུ་མེ་ཏོག་བཞད་བྱུང་།


རྩ་དོན་གྱི་གོ་རིམ་ལྡན་པའི་ཨ་ཕ།

གཞན་ལ་ངོ་དགའ་ཡིས་འཁྲབ་སྟོན་བྱེད་པའི་སྟ་གོན་མེད།

བློ་གཤོག་གི་འཕུར་རྩལ་རྐྱོང་བའི་ཨ་ཕ།

རིགས་ཞེན་གྱི་དད་པ་འཁྱིལ་བའི་མཚོ་མོ།


ཨ་ཕ་ལགས། སེམས་ཀྱི་གངས་རི།

འཇིག་རྟེན་གྱི་བྱ་དངོས་མཐའ་དག་ཟད་ཀྱང་ཆོག

ཁྱེད་རང་ཡོད་པས་ཕྱུག

ངས་ཅི་ཡང་མ་རྙེད་ཀྱང་ཆོག

ཁྱེད་ཀྱི་སྐུ་ཚེ་རིང་བ་དེའི་ཚིམས།

ཁོ་བོ་སུ་དང་འགལ་ཟླ་བྱས་ཀྱང་།

ཁྱེད་རང་ཡོད་པས་རྟུལ་ཕོད་པའོ།།


  • ལེ་ཚན་སྔོན་མ།:ཁ་དང་མིག་ཅེས་པའི་སྙན་ངག
  • ལེ་ཚན་རྗེས་མ།:སྙན་ངག་ནི་ངའི་བུ་རྒྱུད་དང་ཆུང་མ་ཡིན།