བདག་གི་གཡང་ཊིའི་རྨི་ལམ།

སོག་སྨྱུག        2019-08-23

ཞེན་ཆགས་ལ་དང་ལུང་བའི་ཕར་ངོགས་ལ་ལྷུང་མྱོང་།།

དེ་ཡང་འཁོར་བའི་སྙིང་པོ་འཚོལ་སྟངས་ཞིག་ཡིན་སྐད།།

རི་ཆུ་སྟོང་དང་ལན་ཆགས་མཛད་མཐའ་རང་མེད་ཀྱང་།།

ལས་འཕྲོས་རྨི་ལམ་རིང་མོ་ཁྱེད་ཉིད་ལས་འདའ་མེད།།


སྣང་བའི་མཐིལ་དུ་ལྷུང་བའི་གཉོས་ཆུང་གི་སེམས་གཤིས།།

མདང་གསུམ་རྨི་ལམ་ཁྲོད་ནས་བོར་སོང་བ་བདེན་ནམ།།

སྤྲིན་གྱི་འདབ་མར་བསྐུར་བའི་འདི་ཕྱི་ཡི་གསང་གཏམ།།

ལན་གསུམ་ཉན་ཐུབ་ཨེ་བྱུང་དྲན་གཟེབ་གྱི་བྱིའུ་ཆུང་།།


ལ་མོ་རྒྱབ་ཀྱི་ཞེ་སྣང་གཅོང་རོང་དང་འགྲོགས་ནས།།

བྱེ་མའི་རི་དཔུང་བརྒལ་ནས་རྨི་ལམ་ཞིག་འཚོལ་མྱོང་།།

སྐར་ཚོགས་གྲང་འདར་རྒྱག་པའི་མཚན་མོ་དེར་ཉུལ་ནས།།

དཀར་གསལ་ཟླ་བའི་འཛུམ་ཞལ་བདག་ཡིད་གྱི་སྤྲོ་བསྡུས།།


ལོ་ཟླའི་བརྩེགས་རིམ་འཁྱིལ་བའི་བསྒུག་སེམས་ཀྱི་ངོ་བོ།།

གང་ཞིག་དྲན་པ་གཡང་ཊིའི་རྨི་ལམ་བཞིན་འཛུམ་འདྲ།།

ཁྱེད་ལ་གཡས་སྐོར་གཡོན་སྐོར་ལན་གསུམ་དུ་བྱས་ནས།།

བདག་གི་བརྩེ་བའི་པད་འདབ་བདེ་སྟོང་ངང་དབྱེར་མེད།།


བདག་གི་སྙན་ངག་མཁའ་གླང་དཀར་པོ་བཞིན་བཞུད་ན།།

བདག་སེམས་ཁྱེད་ལ་འཁྲེང་བའི་གཏམ་རྒྱུད་ཞིག་ཡིན་སྐད།།

ལས་ཀྱི་ལམ་བར་བརྒྱུད་པའི་གཡང་ཊིའི་ཡི་རྨི་ལམ།།

བདག་གི་ཚོར་བའི་ཕ་མཐའ་ཁྱོད་ཉིད་ལ་འཁྲེང་ཡོད།།


ཟླ་འོད་མཚོ་ནང་ལྷུང་ན་སེམས་ཁྲལ་ཞིག་ཡོད་སྐད།།

རྒྱང་རིང་རྨི་ལམ་ཁྲོད་ནས་འཛོམས་པ་ཞིག་བྱུང་མྱོང་།།

སེམས་ཀྱི་ཟླ་བའི་འོད་སྣང་རང་ལུས་ལ་བརྒྱབ་ཀྱང་།།

ནམ་ཞིག་ནུབ་འགྲོ་བསམ་ན་གཉོས་དུང་རང་གཤིས།།


ཁྱེད་ཉིད་ཡངས་པའི་རྩ་ཐང་གཞི་ཁྱིམ་ལ་ཉར་ནས།།

དོ་དགོང་གདན་དུ་བྱས་པའི་སྙན་ངག་ཏེ་ཡིན་འདྲ།།

སང་ཉིན་ཞོགས་པར་ཉི་རྩེ་ཤར་ནུབ་ལ་བརྒྱབ་ནས།།

གོམ་ཁ་རང་རང་ས་རུ་གྱེས་དགོས་རང་བྱུང་སོང་།།


སྣང་བའི་ཁང་མིག་ཞིག་ནས་འཛོམས་པ་རང་བྱུང་ན།།

མི་འགྱུར་དམ་བཅའི་མདུད་པ་བྲག་རི་ལ་གཏད་ཆོག

སྐར་མའི་གྲངས་ཀ་བརྩི་བཞིན་རྒྱང་རིང་ལ་ཅེར་ནས།།

ཚིག་གི་མེ་ཏོག་འགའ་ཡང་ཁྱོས་ཕྱོགས་སུ་གཏོར་ཆོག


རྒྱང་རིང་རྒྱང་རིང་ཞིག་གི་དགྱེས་འཛུམ་ལ་བལྟས་ན།།

ཚེ་སྲོག་དབྱངས་རྟ་གསར་བའི་གཞན་ཆུང་ལ་ཉན་ནས།།

བདག་གི་སྙན་ངག་འདབ་སྟོང་བརྒྱད་ལྡན་ཞིག་ཡིན་ན།།

གཡང་ཊིའི་རེ་བའི་འབྲས་བུ་བདེ་ལེགས་ཞིག་སྨིན་ཤོག།


ཁྱོད་རང་བཀྲ་ཤིས་འཁྱིལ་བའི་ཡུལ་གྲུ་ཞིག་ཡིན་ན།།

དེ་ལ་མེ་ཏོག་སྣ་བརྒྱའི་ས་བོན་ཞིག་འདེབས་འདོད།།

སྐལ་བཟང་རྨི་ལམ་ཁྲོད་ནས་ལན་གཅིག་ལ་མཇལ་ན།།

ཞེ་སེམས་རྨུ་ཐག་རིང་མོ་རྒྱང་རིང་ནས་འཐེན་ཆོག།


  • ལེ་ཚན་སྔོན་མ།:ལྷ་སའི་ཁྲོམ་ནས་རྙེད་པའི་སྙན་ངག
  • ལེ་ཚན་རྗེས་མ།:ཁ་དང་མིག་ཅེས་པའི་སྙན་ངག