བསྟོད་མགུར།

དུ་སྤྲིན།        2019-08-16

ཁྱེད་འདུ་འཛིའི་གྲོང་ལ་ཞེན་པ་ལོག།

གྲོང་སྒྱུ་མའི་རྒྱ་མཚོ་ཐོལ་གྱིས་བརྒལ།།

སེམས་ཉི་མའི་འཆར་ཕྱོགས་རི་ལ་གཏད།།

རི་དབེན་པ་ཡིན་པའི་ནགས་ཚལ་གྱི།།

ལུས་བདག་པོས་བོར་བའི་རི་དྭགས་བཞིན།།

སྟོད་བྲག་དཀར་ཕུག་གི་ནང་ཕུག་ཏུ།།

རྡོ་ཕ་བོང་བཤགས་ནས་གདན་དུ་བཏིང་།།

སྐུ་གཡོ་བ་མེད་པའི་ངང་དུ་བཞུགས།།

སྐྲ་སྨུག་ནག་ཤིག་གེར་སིལ་བུར་འཕྱང་།།

གོས་རས་དཀར་ཡང་པོ་རླུང་དང་བསྡེབས།།

སེམས་རྟོག་པའི་དམིགས་སྒྱུ་འཇའ་ལྟར་ཡལ།།

ཆོས་གང་ཤར་མི་རྟག་མགུར་ལ་དྲངས།།

མགུར་སྙན་མོ་པི་ཝང་དཀྲོལ་འདྲ་བྱུང་།།

བྱ་འདབ་ཆགས་དད་གུས་ཚུལ་གྱིས་འཕུར།།

ཤིང་ཤུག་པ་དྲི་ཞིམ་འཐུལ་ལེར་གནས།།

  • ལེ་ཚན་སྔོན་མ།:ནོར་བུ་ཆ་བདུན།
  • ལེ་ཚན་རྗེས་མ།:གསོང་བོར་གློད་ན།