གླུ་ཆུང་པི་ཝང་རང་སྒྲ།

སྤེན་ཚེ་གཞོན་པ།        2019-08-15

ཆུ་ཆེན་པོའི་ནང་དུ་ཉ་ཁྱུ་འདུ། །

ཉ་གསེར་མིག་རྐྱལ་རྩལ་གང་འདོད་རེད། །

ལུས་གར་སྟབས་འཁྱུག་པའི་ཉམས་འགྱུར་དེས།།

ཞི་བདེ་ཡི་གླུ་ཆུང་ལེན་ལེ་རེད།།

 

སྤང་ཡངས་མོའི་སྟེང་དུ་ནོར་ལུག་བཀྲམ།།

ལུག་གཡང་དཀར་རྩྭ་ཆུ་གང་འདོད་རེད།།

ལུས་ཤ་ཤེད་རྒྱས་པའི་འབའ་སྐད་དེས།།

རང་དབང་གི་གླུ་ཆུང་ལེན་ལེ་རེད།།

 

ནགས་ལྗོན་ཤིང་སྐྱེད་ཚལ་ར་བ་རུ།།

བྱ་བྱིའུའི་ཚང་མལ་དྲོན་མོ་རེད།།

སྐད་སྙན་མོས་གཤོག་རླབས་འགྱུར་ཚུལ་དེས།།

བདེ་སྐྱིད་ཀྱི་གླུ་ཆུང་ལེན་ལེ་རེད།།

 

མཛེས་མེ་ཏོག་སྟོང་གི་ལྡུམ་ར་རུ།།

རྐང་དྲུག་གི་རྩི་བཅུད་འཐུ་ས་རེད།།

དབྱངས་སྙན་མོས་འཕུར་ལྡིང་བྱེད་པ་དེས།།

བརྩོན་འགྲུསཀྱི་གླུ་ཆུང་ལེན་ལེ་རེད།

 

སྨད་གྲོང་ཚོའི་འདབས་ཀྱི་སློབ་ར་རུ།།

ཆུང་བྱིས་པའི་བློ་རྨོངས་སེལ་ས་རེད།།

དབྱངས་གསལ་བྱེད་སུམ་ཅུའི་འགྱུར་ཁུགས་དེས།།

འདྲ་མཉམགྱི་གླུ་ཆུང་ལེན་ལེ་རེད།།

 

ངེད་གྲོང་གི་ཕུ་མདའ་བར་གསུམ་དུ།།

མི་རྒན་དར་གཞོན་གསུམ་འཚོ་ས་རེད།།

ཚིག་ཞེ་སའི་འབོད་པ་སྙན་མོ་དེས།།

ཤེས་དཔལགྱི་གླུ་ཆུང་ལེན་ལེ་རེད།།

 

གཉེན་གྲོང་པ་ཁྱིམ་མཚེས་ཕན་ཚུན་དབར།།

རོགས་གྲོགས་དན་གཅིག་ཕན་གཅིག་གྲོགས་རེད།།

སྐྱིད་སྡུག་པོ་མཉམ་མྱོང་དཔེ་དེ་ཡིས།།

འཆམ་མཐུན་གྱི་གླུ་ཆུང་ལེན་ལེ་རེད།།

 

མིག་མཆི་མ་འཆོར་བའི་སྔར་སོང་གི།།

སྡུག་ལོ་ཟླ་སྔོན་གྱི་ལོ་རྒྱུས་རེད།།

དུས་དེང་སང་གྲ་རྒྱས་འཚོ་བ་དེས།།

འབྱོར་ཕྱུག་གི་གླུ་ཆུང་ལེན་ལེ་རེད།།


 


  • ལེ་ཚན་སྔོན་མ།:ལོག་རྟོག་ཁ་བ་བབས་བྱུང་།
  • ལེ་ཚན་རྗེས་མ།:ནོར་བུ་ཆ་བདུན།