ལོག་རྟོག་ཁ་བ་བབས་བྱུང་།

བྲན།        2019-08-09

རྔོན་པ་ཁྱི་ཁྲིད་དེ་སླེབས་བྱུང་ཡུ་མོ་འགྲོ་ས་ནི་གང་ལེགས།།

རྫ་རི་མཐོན་པོ་དེ་བཟང་ངམ་དེ་ན་རྔོན་པ་ནི་འེ་འདུག།

ཤ་བ་ཡུ་མོ་ངའི་ལས་དབང་མཐོན་པོ་རྫ་རི་ལ་བཅོལ་ན།།

རྩྭ་ཆུའི་ཞིམ་མངར་ལ་རོལ་བའི་འཚོ་བ་བསྐྱལ་རྒྱུ་དེ་བྱུང་ངམ།།


ང་རྒྱལ་སེང་གེ་དེ་སླེབས་བྱུང་རི་བོང་འགྲོ་ས་ནི་གང་ལེགས།།

དམའ་སའི་སྤང་ཁུགས་དེ་བཟང་ངམ་དེ་ན་སེང་གེ་ནི་འེ་འདུག།

ཉམ་ཆུང་རི་བོང་ངའི་ལས་དབང་ཡངས་པའི་སྤང་ཐང་ལ་བཅོལ་ན།།

འཚེ་མེད་ཞི་བ་ཡི་དཔལ་ལ་སྤྱོད་པའི་སྐལ་བཟང་དེ་རེག་གམ།།


ཁོང་ཁྲོའི་མེ་ལྕེ་ནི་འབར་བྱུང་ང་རང་འགྲོ་ས་ནི་གང་ལེགས།།

བཟོད་པའི་དབེན་ཁྲོད་དེ་བཟང་ངམ་དེ་ན་མེ་ལྕེ་ནི་འེ་འདུག།

མགོ་རིལ་བཙུན་ཆུང་ངའི་ལས་དབང་བཟོད་པའི་དབེན་ཁྲོད་ལ་བཅོལ་ན།།

བྱམས་བརྩེ་ཟླ་དཀར་གྱི་ཟེར་མ་ཐུགས་ལ་འཕྲོ་བ་ནི་སྲིད་དམ།།


དཀོར་ཟས་དུག་ཆུ་དེ་འཕྱུར་བྱུང་ང་རང་འགྲོ་ས་ནི་གང་ལེགས།།

དགེ་སེམས་གངས་ཁྲོད་དེ་བཟང་ངམ་དེ་ན་དུག་ཆུ་ནི་འེ་འདུག།

ནུས་མེད་ཉམ་ཆུང་ངའི་ལས་དབང་དགེ་སེམས་གངས་ཁྲོད་ལ་བཅོལ་ན།།

རེ་བའི་སྐར་ཆེན་གྱི་འཛུམ་ཞལ་མཐོང་བའི་བསོད་ནམས་ནི་ཡོད་དམ།།


ཕོ་རོག་ནག་ཆུང་དེ་སླེབས་བྱུང་འུག་པ་འགྲོ་ས་ནི་གང་ལེགས།།

ཡ་གའི་བྲག་སྐྱབས་དེ་བཟང་ངམ་དེ་ན་ཕོ་རོག་ནི་འེ་འདུག།

ཁེར་རྐྱང་འུག་ཆུང་ངའི་ལས་དབང་ཡ་གའི་བྲག་སྐྱབས་ལ་བཅོལ་ན།།

ཉེན་ཁའི་གནས་མལ་ལས་ཐར་དེ་ཅུང་ཟད་སྐྱིད་པོ་ཞིག་འབྱུང་ངམ།།


གཡོ་ཅན་ཞི་ལ་དེ་སླེབས་བྱུང་ཙི་གུ་འགྲོ་ས་ནི་གང་ལེགས།།

ཕུ་མེད་ཁུང་བུ་དེ་བཟང་ངམ་དེ་ན་ཞི་ལ་ནི་འདུག་གམ།།

མ་རབས་ཙི་གུ་ངའི་ལས་དབང་ཕུ་མེད་ཁུང་བུ་ལ་བཅོལ་ན།།

དགྲ་བོའི་ལྐོག་གསོད་ལ་གཡོལ་བའི་ཐབས་ཤེས་ཅུང་ཙམ་རེ་འདུག་གམ།།


ལོག་རྟོག་ཁ་བ་དེ་བབས་བྱུང་ང་རང་འགྲོ་ས་ནི་གང་ལེགས།།

དད་པའི་དབྱར་གཞུང་དེ་བཟང་ངམ་དེ་ན་ལོག་རྟོག་ནི་འེ་འདུག།

འཆིང་བ་ཀུན་ལྡན་ངའི་ལས་དབང་དད་པའི་དབྱར་གཞུང་ལ་བཅོལ་ན།།

ཤེས་བརྩོན་མེ་ཏོག་གི་དྲི་བསུང་ཡང་ཡང་ལྡང་ནི་ཡོད་དམ།།


འཆི་བའི་དགུན་ཟླ་ནི་སླེབས་བྱུང་ང་རང་འགྲོ་ས་ནི་གང་ལེགས།།

དཀར་པོའི་ལམ་ཁ་དེ་བཟང་ངམ་དེ་ན་འཆི་བ་ནི་འེ་འདུག།

སྦྲང་བཙུན་བྲན་མིང་བའི་ལས་དབང་དཀར་པོའི་ལམ་ཁ་ལ་བཅོལ་ན།།

ཐར་བའི་ས་མཁན་གྱི་མཛའ་བོས་ལམ་བཟང་སྟོན་པ་ཞིག་ཡོད་དོ།།

  • ལེ་ཚན་སྔོན་མ།:མཚན་མོའི་ངོས་ཀྱི་ཁྱོད།
  • ལེ་ཚན་རྗེས་མ།:གླུ་ཆུང་པི་ཝང་རང་སྒྲ།