མཚན་མོའི་ངོས་ཀྱི་ཁྱོད།

གྲུ་ཆར།        2019-08-09

གློ་རྡེག་གནམ་ངོ་རུབ་པའི་ཚུལ་བྱས་ཏེ།།

འཇིག་རྟེན་འདི་ཡི་མུན་པ་མ་ལུས་པར།།

སྒེའུ་ཁུང་འདི་ལས་ཐོར་གྱིས་འཁྲིག་པའི་ཚེ།

ཁེར་རྐྱང་ལྟ་བུའི་ལོ་ཟླའི་གཙང་པོ་ཉིད།།

དོ་ནུབ་སྨྲེང་བའི་ཚུལ་གྱིས་ས་སྲོད་བལྟས།།

ཞེ་ཡི་སྐྱོ་བ་སྔོག་བཞིན་བསྐྱར་དུ་བལྟས།།

སྐྱོ་བའི་ངོ་གདོང་མང་པོའི་གོ་རིམ་དུ།།

ཚེ་རབས་ལས་ཀྱི་མིག་ཆུ་མང་པོ་བརྩིགས།།

གདུང་བའི་མེ་ཏོག་དག་ཀྱང་ཧད་པར་ལུས།།

ཀྱེ་མ་མ་ངེས་ལས་ཀྱི་འཁོར་བ་ནས།།

མུན་པ་དཀྲོལ་བའི་དབྱངས་ཀྱི་རྫིང་བུ་ཉིད།།

ཁྱོད་ཀྱིས་བཏང་བའི་མཚན་མོའི་སྒྲ་དག་གིས།།

ང་ཡི་སྐྱོ་གདུང་མཚོན་ཐབས་མ་ཡོད་དེ།།

སེམས་ཁར་རྣག་པའི་རྨི་ལམ་འཁྱག་པ་བཞིན།།

ངལ་བའི་ཟོལ་གྱི་གདོང་གི་སྐྲ་ལོ་ལྟར།།

རང་གི་གྲིབ་མར་འདྲེས་པའི་བརྩེ་གདུང་དག།

ད་ནི་གཙང་པོའི་གཞུང་ལ་གཏང་བར་བྱ།།

  • ལེ་ཚན་སྔོན་མ།:དུང་ཞེན་ཚིག་གི་མདུད་པ།
  • ལེ་ཚན་རྗེས་མ།:ལོག་རྟོག་ཁ་བ་བབས་བྱུང་།