དུང་ཞེན་ཚིག་གི་མདུད་པ།

རོལ་སྐུད།        2019-08-09

རི་སྣ་སྟོང་གིས་ཆོད་ཀྱང་།།

ལས་འཕྲོའི་དམ་རྟགས་འབྲེལ་བས།།

དུངས་སེམས་སྦྲང་ཆར་ཟམ་ཟིམ།།

ཁྱེད་སར་བབ་པ་བྱུང་ན།།


སྙིང་ཐུབ་ཡུ་མོ་ཁེར་འགྲོ།།

རྫ་དང་གངས་ཀྱི་བར་ན།།

སྐྱི་བསེར་རླུང་བུས་མནར་གྱིན།།

རྡོག་སྣེ་གང་ལ་གཏད་འགྲོ།།


ཆུ་བོ་ཤར་ཤར་རྒྱུགས་པའི།།

ལུང་གསུམ་རི་མདོའི་ཐང་ལ།།

སེམས་ཀྱི་རྟ་ཕོ་གཡུ་སྔོན།།

ཁ་རྔོག་ཤིག་གེར་གནས་ཡོད།།


རྒྱང་བཞུད་བྱམས་པའི་འཛུམ་རིས།།

མ་བོས་སྙིང་གར་འཛུལ་ཀྱང་།།

ཞེ་སེམས་དར་དཀར་མདུད་པ།།

གང་ནས་སྦྲེལ་དགོས་མ་ཤེས།།


རྒྱ་ཕུབ་སེར་པོའི་བྱ་འདབ།།

ཆུ་དང་ཆར་བས་བརླན་ན།།

ལུས་དྲོད་མེ་ལས་ཚ་བའི།།

བྱམས་པ་ཡིད་ཀར་སླེབས་འོང་།།


ཞེ་སེམས་བྲུས་པའི་འཕྲིན་ཡིག།

རི་མཐོའི་དབུ་ནས་བསྐུར་ན།།

རླུང་བུའི་རྒྱུ་ཕྱོགས་ཤིག་གིས།།

ཁྱེད་སར་འབྱོར་བ་ཨེ་གནང་།།


བར་སྣང་འཕུར་བའི་བྱ་དེའི།།

གཤོག་པ་ང་ལ་ཡོད་ན།།

ལས་བསྐོས་བྱམས་པའི་ཕྱོགས་ལ།།

སྐད་ཅིག་མི་སྡོད་འཕུར་འགྲོ།།


ཚོན་ལྔའི་བལ་སྐུད་ཕྲ་མོ།།

ང་ལ་ཡོད་རྒྱུ་བྱུང་ན།།

མུ་ཏིག་དཀྱིལ་ལ་བརྒྱུས་པའི།།

ཆུ་མིག་དགུ་སྒྲིལ་བསླེ་ཆོག།


རྒྱབ་རི་བཀྲ་ཤིས་དགའ་འཁྱིལ།།

མདུན་རི་པད་མོ་ཕྱེས་ཀྱང་།།

ངང་རྒྱུད་བལ་ལས་འཇམ་པའི།།

ཁྱེད་རང་མེད་ན་མི་སྤྲོ།།


ལྷ་ཤིང་ཤུག་པའི་བསང་དུད།།

ཨ་སྔོན་དགོང་ལ་བཏང་སྟེ།།

ཟོ་དོར་ལུས་བདག་མཆོད་ན།།

མ་བོས་བསམ་དོན་འགྲུབ་ཆོག།


  • ལེ་ཚན་སྔོན་མ།:གྲུ་ཤན་ཡིན་ན་བསམ་བྱུང་།
  • ལེ་ཚན་རྗེས་མ།:མཚན་མོའི་ངོས་ཀྱི་ཁྱོད།