དེ་རིང་ངས་མེ་ཏོག་མཐོང་བྱུང་།

གསེར་ཀུན་དགའ།        2019-07-26

དེ་རིང་ངས་མེ་ཏོག་མཐོང་བྱུང་།

དེ་རིང་ངས་མེ་ཏོག་མཐོང་བྱུང་།

མེ་ཏོག་ནི་དུག་སྦྲང་གིས་ཟོས་འཕྲོར་ལུས་

པའི་རྩྭ་ལྡུམ་རྙིད་པོ་ཞིག་མིན་ལ།

མེ་ཏོག་ནི་ཟིལ་བའི་ངར་ཁ་བླུད་པའི་འདབ་

མ་ཤི་བོ་དེའང་མིན།


དེ་རིང་ངས་མེ་ཏོག་མཐོང་བྱུང་།

སྔོ་ཁེབས་ཀྱི་སྡེ་ཚན་ཞིག་ན་ཁྲ་ལམ་མེར་བཞད་འདུག

བི་ཤཱ་ཀརྨའི་པིར་རྩེ་ན་མདངས་ཕྱུག་གེར་འཁྱུག་འདུག


དེ་རིང་ངས་མེ་ཏོག་མཐོང་བྱུང་།

དབྱངས་ཅན་མའི་གདོང་བཞིན་མཛེས།

གར་མཁན་མའི་ལུས་ལྟར་ལྡེམ།


དེ་རིང་ངས་མེ་ཏོག་མཐོང་བྱུང་།

སྙན་ངག་པ་དང་མེ་ཏོག་བར་ལ་འབྲེལ་བ་ཅི་ཞིག་ཡོད་དམ།

མཛེས་མའི་བཞིན་དང་མེ་ཏོག་གཉིས་ལ་

འཁྲུལ་ས་གང་ཞིག་ཡོད།


དེ་རིང་ངས་མེ་ཏོག་མཐོང་བྱུང་།

ཡོད་ཚད་མཛེས་པ་དང་དྲི་བསུང་རེད།

གཏན་དུ་འཇམ་པོ་དང་ཞིམ་པོ་རེད།


དེ་རིང་ངས་མེ་ཏོག་མཐོང་བྱུང་།

རྒྱང་དུ་འཐེན་པའི་ཕུགས་བསམ་གྱི་མཐིལ་དུ་དཔྱང་ཡོད།

མདུན་དུ་སྐྱོད་པའི་ལས་དབང་གི་ལམ་ཁར་བཀྲམ་ཡོད།

  • ལེ་ཚན་སྔོན་མ།:གྲོང་ཁྱེར།
  • ལེ་ཚན་རྗེས་མ།:ཁྱེད་ཀྱིས་དྲན་ནམ།