བསྟོད་ཚིག་མེ་ཏོག་ཕྲེང་བ།

ཐུབ་བསྟན་བཀྲ་ཤིས།        2019-07-12

ལུང་རྟོགས་ཡོན་ཏན་ཟུང་ལ་དབང་འབྱོར་ཞིང་།།

རྒྱལ་སྲས་སྤྱོད་པའི་རྒྱ་མཚོ་ཕ་རོལ་སོན།།

ཤཱཀྱའི་རྗེས་སུ་འཛིན་པའི་དགེ་སློང་ཞིག།

སྐྱབས་རྗེ་ཚེ་འབར་ཉིད་ལ་གུས་ཕྱག་འཚལ།།


ཕྱོགས་ལྷུང་མེད་པར་འགྲོ་ཀུན་སྤྱན་གཟིགས་བས།།

ནམ་མཁའི་ནོར་བུ་ཉིད་དང་མཚུངས་མོད་ཀྱང་།།

དེ་ཡིས་ཚ་བའི་གདུང་བ་སྐྱེད་བྱེད་ལ།།

ཉིད་ཀྱིས་ཟུག་རྔུ་མ་ལུས་དྲུངས་ནས་འཇོམས།།


རྒྱལ་བའི་ཐུབ་བསྟན་ཀུ་མུད་རྒྱས་མཛད་ཕྱིར།།

བདེ་འབྱུང་གཙུག་རྒྱན་ཉིད་དང་འདྲ་སྙམ་ཡང་།།

སྐྱབས་རྗེ་ཉིད་ཀྱི་ཡོན་ཏན་ཆ་ཤས་ནི།།

ནམ་ཡང་འགྲིབ་པའི་དུས་ནི་མ་དམིགས་སོ།།


སྐད་ཅིག་ཙམ་ཡང་ལྷོད་མེད་འགྲོ་དོན་བརྩོན།།

བཅུད་ལེན་སྦྲང་མ་ཉིད་དང་མཚུངས་ཙམ་སྟེ།།

དུས་ཀྱི་འགོག་རྐྱེན་ཡེ་ནས་མི་མཛད་ཕྱིར།།

ཀུན་ནས་མཚུངས་སུ་སྙེག་པར་མ་ལགས་སོ།།


སྒྲིབ་གཉིས་སྐྱོན་གྱི་དྲི་མས་མ་བགོས་པར།།

འདམ་སྐྱེས་ཉི་མའི་གཉེན་ལ་ཀུན་ནས་འཁྲུལ།།

འོན་ཀྱང་ཉེས་པའི་མཚན་མོ་དུས་ཚེ་ན།།

ཟུམ་པའི་སྐྱོན་དེ་ཉིད་ལ་མ་བདོག་གོ།

  • ལེ་ཚན་སྔོན་མ།:དྲན་གདུང་ཁྲོད་ཀྱི་བུ་མོ།
  • ལེ་ཚན་རྗེས་མ།:སྤྲིན་ནང་གི་སྙན་ངག