དྲན་གདུང་ཁྲོད་ཀྱི་བུ་མོ།

སད་མི།        2019-07-12

ང་ནི་ཁྱོད་ལ་ཆགས་པའི་ཞེན་ཆགས་ཡིན། །

ཞེན་སེམས་ཁྱོད་ལ་འཁྲེང་བ་མ་ཤེས་སམ། །

ཆུ་བོར་གཉེར་མ་འཁྲིགས་པ་མ་ཚོར་པས། །

ཕྲན་གྱི་མིག་ཆུར་གཉེར་མ་ཐོགས་སོང་སྙམ། །

དེ་ལྟར་དབྱངས་ཅན་ལྷ་ཡིས་གཟིགས་ཤིག་ཨང་། །

ཟིལ་བ་ཁྲོམ་ཁྲོམ་མ་རེད་ཁྲ་ཁྲ་རེད། །

སྐྱོ་གདུང་ལྕེ་ཡིས་མྱོང་བའི་རི་མོ་རེད། །

རི་མོ་རྡོ་ཐོག་མ་འབྲི་སྙིང་ཁར་བྲིས། །

རི་མོ་སྙིང་ཁར་མ་འབྲི་ཆུང་འདྲིས་བྲིས། །

ལས་ཀྱི་དགེ་སྡིག་བསགས་པའི་ཐ་སྙད་ཀྱིས། །

སྐྱེ་བ་ཁྲི་སྟོང་ཡོལ་ཡང་མི་བརྗེད་པའི། །

ད་ནི་ཁྱོད་ཀྱི་སེམས་ལ་དམ་བཅའ་ཟུངས། །

དྲན་པའི་འཕྲིན་ཡིག་རླུང་བུར་མ་སྐུར་ཅིག །

རླུང་བུ་ཤར་ལ་ཕྱོགས་དང་ལྷོ་ལ་བགྲོད། །

སུ་ཡིས་བདེན་པའི་དོན་ཉིད་མ་ཤེས་པས། །

མཛའ་མོ་ལན་ཅིག་ཁྲོས་པའི་སེམས་གཅོང་དེས། །

ཚེ་ཡི་ཕྱེད་ལ་སྡུག་གིས་མནན་པར་ཀྱེ། །

ཧ་ཅང་མཛེས་པའི་མེ་ཏོག་གཅིག་དང་ལྷན། །

དབྱངས་ཤིག་བཏུས་པའི་ཆུང་འདྲིས་ཁྱོད་རང་དྲན། །

ཁྱོད་རང་དྲན་པའི་བདག་གི་སྐྱོ་གདུང་འདི། །

སྙིང་རྗེ་མ་ཡིན་བྱམས་པ་དེ་འང་མིན། །

སྐྱེ་བ་བརྒྱ་ལ་བསགས་པའི་ནག་ཉེས་ཡིན། །

རྫོགས་སངས་རྒྱས་ཀྱང་ཁྱོད་རང་མི་བརྗེད་པའི། །

སྣང་བའི་རྣམ་རྟོག་འདི་ཀོ་སྙིང་རེ་རྗེ། །

ང་རང་རས་པ་ལྟར་དུ་བཞུགས་ན་ཡང་། །

ཁྱོད་ཀྱིས་མིག་ལོག་མ་འཕེན་ཨ་ལ་ལ། །

ཞབས་དག་གཅིག་ལ་ཆང་རག་དམ་བེ་གང་། །

སྐྱོ་གདུང་མུན་པ་སེལ་བའི་སྨན་ལ་ཞོགས། །

ཕར་རིའི་གསོམ་ཤིག་སྐྱ་བོ་ཚུར་འགུག་རེད། །

དྲི་ལྡན་ཙམ་པ་ཀ་ཡི་ཆེད་དུ་གཏོགས། །

ཚུར་རིའི་ཙམ་པ་ཀ་ཡང་ཚུར་འགུག་རེད། །

དེ་ཡི་ཕག་ན་སུ་ཡི་ཆེད་དུ་གཏོགས། །

ལས་ཀྱི་གྲིབ་མ་ལུས་ལ་མ་ཐེབས་ན། །

བརྩེ་དུང་ཟེར་བས་ཁྱོད་ལ་ཅི་ཞིག་ཕན། །

  • ལེ་ཚན་སྔོན་མ།:མ་ཡུམ་སི་བོད་ལ་ཕུལ་བའི་གཞས་ཆུང་།
  • ལེ་ཚན་རྗེས་མ།:བསྟོད་ཚིག་མེ་ཏོག་ཕྲེང་བ།