ཕྱགས་མར་ཁེན་པའི་བགྲེས་པོ།

ནུབ་རླུང་།        2019-07-01

ལུས་ཀྱི་ལྗོན་པའི་འདབ་ལོ་འཐོར་ལ་ཁད་ཅིག།

སྣང་བ་བརྩེགས་པའི་ཁང་བཟང་མ་རྡིབ་ཙམ་ཞིག།

སྨྱུག་ཕྱགས་ཡུ་བར་ཁེན་ཏེ་ངལ་གསོ་གནང་བ།།

འཁོར་བའི་སྙིང་བོ་སྟོན་པའི་བརྡ་རྟགས་ཨེ་ཡིན།།


དཔྱིད་ཀྱི་ཁངས་ཆར་སྐྱོ་བའི་མིག་ཆུ་འདྲ་བ།།

འབྱུང་བཞིའི་འཐབ་རྩལ་རྒོད་པས་ལང་ཚོ་བཅོམ་པ།།

རྒས་པའི་གཉེར་རིས་སྟེང་ལ་གསལ་བོར་བྲིས་ཀྱང་།།

ལས་ཀྱིས་དེད་པའི་སྣང་ཚུལ་འདི་ཀོ་སྐྱོ་བ།།


ལྷུག་ལྷུག་ཡིད་ན་འཛུམ་པའི་མེ་ཏོག་བཞད་དམ།།

ཞེ་རྩར་བརླན་ཤ་སྟེར་བའི་ཆུ་མིག་རྒྱུ་འམ།།

དཀའ་སྡུག་འཚོ་བའི་ལམ་ཕྲན་གྱ་མ་གྱུ་འདིས།།

འཁོར་བ་ཁབ་ཀྱི་རྩེ་མོ་ཡིན་པ་མཚོན་ནམ།།


སྟོན་ལ་སྨྲེང་སྐྱོ་འདྲེས་མའི་ཤིང་ལོ་ཁུར་ཡང་།།

ཡིད་ཀྱི་འཁྲི་ཤིང་སྒུལ་བའི་སྙིང་ཉེ་མ་བྱུང་།།

འཛིན་མེད་སྐྱོ་བའི་སྨུག་པ་སྒྱེ་གང་འགེལ་མཁན།།

ཕྱགས་མར་ཁེན་པའི་བགྲེས་པོ་ཁྱེད་ཉིད་གཅིག་པུ།།


འཁོར་བའི་གཟུངས་ཐག་སྣེ་ཡི་དགའ་སྐྱོའི་འཚོ་བ།།

སྲོད་ཀྱི་མུན་པར་བསྡེབས་ནས་སྐྱོ་མཁན་མང་ཡང་།།

རི་ཟོམ་འདི་རུ་ལུས་པའི་སེམས་པ་ཆུང་ཆུང་།།

ད་དུང་བཞི་མདོ་དེ་རུ་འཐིམ་པ་འདྲ་འོ།།


རྒྱུ་དང་འབྲས་པའི་ལམ་ལ་སེམས་པ་གླན་ན།།

ཡོད་དང་མེད་ཀྱི་སྨུག་པ་བན་བུན་འཐིབས་ཀྱང་།།

དུངས་སེམས་འོ་མ་དཀར་བོ་མཆོད་དུ་སྒྲོན་ན།།

མཆི་མས་མདུན་གྱི་ལམ་ཕྲན་རབ་རིབ་བཟོས་ཡོང་།།


སང་ཉིན་ཁྱེད་རང་འདི་ལྟར་ཕྱགས་མར་ཁེན་ནམ།།

ཚེ་མཐའ་ཐེམ་སྐས་འདི་དང་འདི་ནས་རྫོགས་སམ།།

ལྕང་ལོའི་གཡོ་འགུལ་ཁྱེད་ཀྱིས་དབྱངས་སུ་འགུག་གམ།།

ས་དང་རྡུལ་གྱི་ཁ་ལག་ད་དུང་བཀྲུ་འམ།།

  • ལེ་ཚན་སྔོན་མ།:བརྩེ་དུང་ནི་ཀུ་རེ་རྩེད་པ་རེད།
  • ལེ་ཚན་རྗེས་མ།:ཞེ་སེམས་འཁྱག་པའི་གླུ།