དུས་བཞིར་བསྔགས་པ་སྦྲང་མའི་སིར་སྒྲ།

བརྩེ་མེད།        2019-06-19

བ་གམ་གྲུ་བཞིའི་ཁང་བཟང་ནང་དུ་སློབ་ལ་བརྩོན་པའི་སློབ་བུ་ངས།།

སེམས་ཀྱི་འགྱུ་བ་སྨྱུག་རྩེར་བཀོད་དེ་གཏམ་གྱི་རོལ་མོ་དཀྲོལ་བ་ལས།།

ཡིད་འཕྲོག་ཚིག་སྦྱོར་ཀུན་ལ་ཞེན་པའི་བློ་གསལ་སློབ་བུ་ངར།།

ཡིད་ཀྱི་ལྷ་མོ་དབྱངས་ཅན་མ་ཡིས་ཐུགས་རྗེའི་དངོས་གྲུབ་བསྩལ་དུ་གསོལ།།


             དཔྱིད།


སྔོ་ལྗང་གོས་ཀྱི་ནེའུ་གསེང་གཡུ་ཡི་མན་ཌལ་ལྟ་ན་སྡུག།

རི་ལུང་ཐང་གསུམ་མར་གད་ཁུ་བའི་མདངས་ལ་རབ་འགྲན་ཞིང་།།

དཔྱིད་ཀྱི་ཕོ་ཉས་དུས་ཀྱི་དང་པོ་མི་ཡུལ་ཁམས་ལ་བསུས།།

དཔྱིད་གསར་བུ་མོས་ས་གཞིའི་རྨི་ལམ་དཀྲོགས་ནས་ལམ་ལ་ཆས།།


             དབྱར།


ཁོ་ར་ཁོར་ཡུག་ལྗོན་ཤིང་གཡུ་ལོས་བརྒྱན་ནས་མེ་ཏོག་སྣ་ཚོགས་ཁྲ་ལམ་ལམ།།

གཡུ་སྦྲང་གཞོན་ནུས་ཟེའུ་འབྲུ་འཇིབ་བཞིན་གཤོག་འགྱུར་རྒོད་པོས་སྒྲ་སིར་སིར།།

རྩྭ་དང་རྩི་ཤིང་མྱུ་གུ་རྒྱས་ནས་རི་ལུང་གང་སར་སྔོ་ལྗང་ལྗང་།།

གཡུ་འབྲུག་སྔོན་མོས་འུར་གདངས་འཐེན་ནས་ས་འཛིན་མ་ལུས་འདར་ཤིག་ཤིག།


             སྟོན།


བཅུ་གཉིས་བདག་པོ་མཁའ་ནས་འཛུམ་པས་གསེར་གྱི་སྙེ་མའི་དབུ་ལྕོག་ལྡེམ།།

ཆུ་ཁུར་གསེབ་ནས་སྟོན་ཆར་འཇོ་ཞིང་སྤང་ཤ་སེར་པོའི་རྦ་ཀློང་བརྡོལ།།

སྦྲ་གུར་ནང་དུ་དཀར་གསུམ་འཛོམས་ཤིང་གཡང་ཟོག་རྭ་ལྡན་ཤེད་ཤུགས་རྒྱས།།

ཨེ་མ་ཡུལ་འདི་བྱིན་གྱིས་རླབས་པས་ལྷ་ཀླུ་ཡིན་ཡང་འགྲན་མི་བཟོད།།


             དགུན།


ནོར་འཛིན་མ་ལུས་ཁ་བའི་གོས་ཀྱི་མལ་ལ་འཛུལ་ནས་དཀར་བོང་བོང་།།

འབབ་ཆུ་དྭངས་མོར་བཞུར་སྒྲ་དབེན་པས་འཁྱོགས་རོམ་འོག་ན་འཇམ་ཐིང་ཐིང་།།

མཁུར་ཚོས་དམར་བའི་རྩྭ་ཐང་འབྲོག་མོས་སློག་ལྤགས་གྱོན་ནས་འཛུམ་དམུལ་དམུལ།།

ཐུལ་དཀར་འབྲུ་མོས་གྲང་ངར་མ་བཟོད་སྐྱུགས་ལྡད་བྱེད་བཞིན་འདར་སིག་སིག།

  • ལེ་ཚན་སྔོན་མ།:དམའ་འབྲིང་དུས་སྐབས་ཀྱི་རབ་བྱེད་གོ་བདེ་མ།
  • ལེ་ཚན་རྗེས་མ།:སྙན་ངག ཞར་བཀོད་གསུམ།