བརྩེ་བས་རྗེས་སུ་ཟུངས།

ཡེ་ཤེས་འཕྲིན་ལས།        2019-06-05

འགྲོ་བ་མ་ལུས་གཅིག་ཏུ་བརྩེ་བ་ཅན།།

མཚན་དཔེས་བརྒྱན་པའི་མགོན་པོ་སངས་རྒྱས་མཆོག།

རྣམ་པ་གྲོལ་བའི་གོ་འཕང་མཐོ་བརྙེས་པ།།

བསྐལ་བ་གྲངས་མེད་བསགས་པའི་ཚོགས་དེ་ལ།།

གུས་པས་འདུད་ཅིང་བརྩེ་བས་རྗེས་སུ་ཟུངས།།

སྔོན་བསགས་ལས་ཀྱིས་བཅིངས་པའི་ཉམ་ཆུང་བ།།

དགོས་མེད་རྗེས་སུ་དྲན་པའི་གླེན་པ་དེས།།

འབྱུང་འགྱུར་དོན་ལ་སྟོང་བའི་ཆ་གཞི་བཞག །

རང་རང་སྨྲེང་ཞིང་རང་རང་འཁོན་བའི་གཏམ།།

བཤད་པ་འདོད་པས་ད་ནི་བརྗོད་པ་བྱ།།

བཟང་བའི་གཤིས་ལ་དགའ་ཡང་ངན་ལ་སྙེག །

ངན་པའི་གཤིས་ལ་སྡང་ཡང་དེ་ལ་ཞེན།།

འཁྱར་འཁྱོར་བསམ་པའི་དགའ་སྡང་རང་དབང་མེད།།

རྣམ་སྨིན་ལུས་ཐོག་བབ་བམ་རང་གི་མཚང་།།

སྐྱབས་རྗེ་མགོན་པོས་བདག་ལ་བརྩེ་བས་སྐྱོངས།།

དྲི་ཞིམ་སྤོས་ཀྱིས་བགོས་པའི་ན་མཉམ་དེ།།

གཞོན་ཤ་འཇམ་ལ་ལྟ་ན་སྡུག་པ་ཡང་།།

དྲི་ངན་མི་གཙང་འབྱར་བའི་ངོ་བོ་ལ།།

བསམ་པ་མི་གཏོང་ཞེན་པ་ཨེ་མ་ཧོ།།

སྐྱབས་རྗེ་མགོན་པོས་བདག་ལ་བརྩེ་བས་སྐྱོངས།།

དེང་འདིར་མཁས་པ་མི་དར་གླུ་བ་དར།།

རིག་པའི་གཞུང་ལུགས་མི་དར་རྩེད་མོ་དར།།

རྗེ་བཙུན་མི་ལའི་དོན་ལྡན་སྨྲ་བ་དེ།།

སྙིགས་མ་ལྔ་བདོའི་སེམས་ཅན་སྙིགས་མ་ཨང་།།

སྐྱབས་རྗེ་མགོན་པོས་བདག་ལ་བརྩེ་བས་སྐྱོངས།།

སྔོན་བྱོན་དམ་པའི་རྣམ་ཐར་རྗེས་སུ་སྙེག །

ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་དང་བཅས།།

འབད་པ་འདོད་ཀྱང་སྒྱིད་ལུག་གླེན་པ་རང་།།

རྣམ་གཡེང་བྱིང་རྒོད་དབང་དུ་ཤོར་ནས་བརླག །

སྐྱབས་རྗེ་མགོན་པོས་བདག་ལ་བྱིན་གྱིས་རློབས།།

འདོད་ཆགས་ཆང་གིས་བཟི་བའི་བླུན་པོ་དེ།།

མི་གཙང་དྲི་ངན་སོགས་ཀྱིས་བགོས་པའི་མོར།།

ཆགས་པ་སྐྱེས་པ་ལས་ངན་བག་ཆགས་དབང་།།

ཨ་ཧོ་བག་ཆགས་བརྟན་པོས་ལས་བསགས་བ།།

སྐྱབས་རྗེ་མགོན་པོས་བདག་ལ་བྱིན་གྱིས་རློབས།།

དལ་འབྱོར་འདི་ནི་གཞུང་ཞབས་པ་དང་བསྡུར།།

ལྕི་ཡང་གང་ཡིན་མི་ཤེས་རང་ལ་འཁོན།།

བག་ཆགས་བརྟན་པོས་གཏི་མུག་དབང་དུ་འཆོར།།

སྐྱེ་བ་སྔོན་ལ་ལས་གང་བསགས་པ་ཡིན།།

ཀྱེ་ཧུད་བརྩེ་བའི་བདག་པོས་རྗེས་སུ་ཟུངས།།

ཞིབ་ཏུ་བསམ་ཞིང་ཞིབ་ཏུ་དཔྱད་པ་ན།།

དབང་པོའི་ཆེད་དུ་བདེ་སྡུག་རབ་མྱོང་བ།།

སྐད་ཅིག་ཙམ་ཞིག་བློ་ལ་ཤར་བ་ན།།

སྐད་ཅིག་ཙམ་ཞིག་བརྗེད་ནས་ཆ་མེད་གྱུར།།

སྐྱབས་རྗེ་མགོན་པོས་བདག་ལ་བརྩེ་བས་སྐྱོངས།།

བློ་སེམས་གཅིག་ལ་གཏད་ནས་བརྩོན་ན་ཡང་།།

གཡོ་འཁྱུག་བསམ་པའི་ངན་གཤིས་རྣམ་གཡེང་ཅན།།

གར་འགྲོ་མི་ཤེས་ཕྱོགས་མཐའ་ཀུན་ལ་ཁྱབ།།

རྣམ་སྨིན་ལུས་ལ་བབ་བམ་རང་གི་མཚང་།།

སྐྱབས་རྗེ་མགོན་པོས་བདག་ལ་བྱིན་གྱིས་རློབས།།

སྲིད་པ་འཁོར་བའི་མུན་པས་ལྐོག་ཏུ་སྦ།།

བདག་ཏུ་ལྟ་བས་འཁོར་བར་བཟློག་ཏུ་མེད།།

སྙིང་རྗེ་ཕྱུག་པའི་ཐུབ་དབང་འདྲེན་མཆོག་ལགས།།

ཉམ་ཐག་སྙིགས་མ་ལྔ་བདོའི་སེམས་ཅན་རྣམས།།

སྙིང་རྗེ་ལྕགས་ཀྱུ་རྣོན་པོས་རྗེས་སུ་ཟུངས།།

མི་རྟག་དྲན་པའི་གཏད་སོ་བརྟན་དུ་མེད།།

ད་ལྟ་བརྟན་ཡང་མྱུར་མོ་གཞན་དུ་འགྱུར།།

རྟག་བརྟན་འགྱུར་དུ་མེད་པའི་དྲན་པ་ཞིག །

གནས་ཡུལ་གང་སུ་མཆིས་སམ་སྐྱབས་རྗེ་ལགས།།

ལས་ངན་ཉམ་ཐག་བུ་ང་རྗེས་སུ་ཟུངས།།

འདུན་པ་མོས་པ་དྲན་དང་ཏིང་ངེ་འཛིན།།

ཤེས་རབ་ལྔ་པོ་རྣམས་ནི་ཡུལ་ངེས་ལྔ།།

འདི་དག་བླང་ནས་ཡོན་ཏན་གོམས་པ་བྱ།།

བརྩོན་པ་རྗེས་སུ་ཟུངས་ཏེ་སློབ་ལ་འབད།།

སྐྱབས་རྗེ་འཇམ་པའི་དབྱངས་ཀྱིས་རྗེས་སུ་ཟུངས།།



  • ལེ་ཚན་སྔོན་མ།:སྙིང་གཏམ་རྟོག་འགྱུའི་ཨཱ་དར་ཤ།
  • ལེ་ཚན་རྗེས་མ།:ང་ཚོའི་ཐོག་མའི་བརྩེ་དུང་།
  • རྩོམ་གསར། 10