འཕྱོངས་རྒྱས་ཀྱི་སྣང་བ། དྲན་པ་ཞིག་གི་སྣེ་མོ།

རེ་སད།        2019-05-10

བསམ་ཚོད་ལ། འཕྱིང་ཡུལ་ཀླུང་དུ་གྲོང་རྡལ་ཆགས་པ་ནས།

རུ་པ་ཞིག་གིས་ལར་ཞེན་གྱི་རུ་དཔུང་བཏེགས་ཤིང་བཀྱེད།

དེ་ནས། འཕྱོངས་རྒྱས་ནི་བྱང་སྐར་སྤུན་བདུན་གྱི་འདུ་གནས་རེད།

འཕྱོངས་རྒྱས་ནི་ཉི་ཟླའི་འོད་ཟེར་མཆོར་སའི་ནམ་མཁའ་རེད།

འཕྱོངས་རྒྱས་ནི་གོ་ལའི་ལྟེ་བ་རུ་གྱུར་པའི་བསྟི་གནས་རེད།

འཕྱོངས་རྒྱས་ནི་གདགས་སྲིབ་ཏུ་ཁྲེམས་པའི་དྲན་དབང་རེད།

དེའི་ཕྱིར། འཕྱོངས་རྒྱས་ཀྱི་ལམ་བུ།

རྒུན་ཆང་གིས་བཏེགས་པའི་བདེ་ཆེན་ཟུང་འཇུག་རེད།

 

འཕྱོངས་རྒྱས། ཡབ་མེས་ཀྱིས་རྨི་ལམ་གྱི་ལྟེ་ཐག་འཕོ་ས།

འཕྱིང་བ་སྟག་རྩེའི་མཁར་རྫོང་གདོང་ལྔ་བཞིན་འགྱིང་དུས།

ཚེ་སྲོག་དཔང་ལ་བཙུགས་ཏེ་འཐབ་པའི་ལོ་ཟླ་དེ་དག་རེད།

སྒམ་ལ་དཀྱེལ་ཆེ་བའི་ཡབ་མེས་ཀྱི་རྣམ་དཔྱོད་མཐོ་སར་རྩེན་ཞིང་།

མཛངས་མི་ཐོག་མས་ལར་ཞེན་གྱི་ཀི་སྒྲ་བཏབ་པ་ནས།

རྔུལ་ཆུ་རེ་རེ་སེམས་ཀྱིས་འབྱིན་དུས།

ལས་སུ་ཐོན་པ་ནི་ཁ་བ་རི་པའི་མགུལ་དུ་བསྒྲོན་ཡོད་ལ།

མིའི་རིགས་ཀྱི་མགུལ་དུའང་བསྒྲོན་ཡོད།

 

དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་གངས་ལྗོངས་སུ་སྦྲན་དུས།

འཇིགས་མེད་གླིང་པའི་བློ་གྲོས་ཀྱི་རྩལ་དེ་མཐོ་སྒང་ན་འཕགས་དུས།

ཟླ་བ་སྒྲོལ་མ་སེམས་ཀྱི་མཚོ་ངོས་སུ་པདྨ་ལྟར་བཞད་དུས།

འཕྱོངས་རྒྱས་ཞེས་པའི་ཡིག་འབྲུ་དེ་ནི་ལྷ་ཡུལ་གྱི་མིང་ཡིག་རེད།

དེའི་ཕྱིར། འཕྱོངས་རྒྱས་ནི་ལྡོག་ཏུ་མེད་པའི་སེམས་ཀྱི་མཇལ་ཁ་རེད།

འཁྱག་སྲིབ་ཀྱིས་མནར་བའི་འགྲུལ་པ་ཞིག་ལ་ཉི་འོད་ཀྱི་བགོ་སྐལ་རེད།

 

ཞིང་སའི་ཁུད་དུ་གདལ་བའི་སྙེ་རྡོག་རེ་རེ།

དུས་ཚིགས་བཞི་རྔུལ་ཆུས་བསྐྱངས་པའི་ལམ་འབྲས་སུ་མད།

འཕྱོངས་རྒྱས་ཀྱི་བང་མཛོད་ལྟེམས་པའི་རྨི་ལམ་གྱི་དྲན་སྒོ་རུ་བདོག

ཡུལ་མིའི་འཛུམ་དཀར་གྱི་ཕྲེང་བ་ན་འཁྱུད་པའི་རྣ་ལོང་གི་གཟོ།

 

འཕྱོངས་རྒྱས་ན། ཆུ་ལེན་གྱི་བུ་མོས་རང་འདོད་ཀྱི་འཚོ་བར།

སྔ་མོ་ཞིག་ནས་རྟེན་འབྲེལ་གྱི་རི་མོ་གང་འདོད་དུ་སྒྲིག་དུས།

ལང་ཚོ་ལ་རྨི་ལམ་བཏགས་ནས་འཛམ་གླིང་ལ་སྟོན་མོ་འགྱེད་དུས།

དྲན་འཆར་ནང་ཟླ་བ་སྒྲོལ་མའི་འཇོ་སྒེག་ལ་ཧེབ་ཆ་ཞིག་ལངས།

གནས་སྐབས་འདིར། ལུང་པ་གོས་སུ་གྱོན་པའི།

ཟླ་བ་སྒྲོལ་མའི་ལྕིབས་གོས་དེ་ཅི་འདྲིའི་འབུད་འདོད་ཆེ་ཨང་།

 

རི་བོ་བདེ་ཆེན་དགོན་ནས་ཆོས་ཀྱི་བདག་མེད་སྒོམ་རུང་།

དོན་མཁར་མདའ་དང་མུ་རིའི་རི་གཤམ་གྱི་བང་སོའི་ཚོགས་ན།

ལོ་ཟླའི་མིག་ཀོང་ནས་དཔྱངས་བའི་ཡིད་གདུང་གིས་མཆི་མ་ཞིག

རང་ཉིད་རང་གིས་འཚོལ་བའི་མེ་ལོང་གི་དཔྱང་ཐག་ཅིག

འཕྱིང་བ་སྟག་རྩེ་རྒན་པོ་ཞིག་གི་ངག་རྒྱུན་དུ་ཆགས་དུས།

འཕྱོངས་རྒྱས་ནི་ངའི་ཤེས་བཞིན་མ་ཡིན་པའི་རྨ་ཁ་ཅན་གྱི་དྲན་པ་རེད།

བསམ་བཞིན་པ་ནི་བཙན་པོ་རེད། འཁྲེང་བཞིན་པ་ནི་རྩེ་དྲུག་རེད།

 

འཕྱོངས་རྒྱས། ད་ནི་ངས་ལན་ཅིག་ཁྱེད་དང་གྱེས་ཕྱག་ཞུ་དགོས་ཀྱང་།

གངས་རི་དང་འོད་ཀྱི་དབྲག་ནས།

ངའི་དྲན་པའི་སྣེ་མོ་ཁྱེད་ཀྱི་སྣང་བ་རུ་ཐོགས་པས།

ངའི་རྣམ་ཤེས་ཀྱིས་ཁྱེད་ཀྱི་བག་ཆགས་བསྲུང་བར་ངེས།

 

འཕྱོངས་རྒྱས། ད་ནི་ང་རང་ཕྱིར་ལྡོག་གི་ལམ་དུ་རེམ་ཡོད།

ལམ་གྱི་སྣེ་ན་འཕྲོ་བཞིན་པ་ནི་ཉི་འོད་ཀྱི་དྭངས་རྩེ་རེད།

གཡོ་བཞིན་པ་ནི་རླུང་ནག་འཚུབ་མ་རེད།


  • ལེ་ཚན་སྔོན་མ།:མེས་པོའི་བླ།
  • ལེ་ཚན་རྗེས་མ།:ཡིད་ཀྱི་འཁྲི་ཤིང་།