མེས་པོའི་བླ།

རབ་དབྱངས།        2019-05-10

ས་ཡར་མོ་ཀླུང་གི་ཞིང་ཐང་ན། །

རི་ཡར་ལྷ་ཤམ་པོས་གངས་ཆུ་སྤུར། །

ལྗང་ལོ་ཡག་སྙེ་མའི་འབྲས་བུ་ལྗིད། །

ཞིང་འདི་ཚོ་མ་དགོས་ཟེར་རན་མིན། །

སྤྲེལ་བྲག་སྲིན་གཉིས་ཀྱིས་བཞག་པའི་རྟེན། །

གཡང་འདི་ཚོ་ང་ཚོའི་འཚོ་བ་རེད། །

 

བྲག་ཤེལ་གྱི་ཕུག་པ་གཡོན་ནས་འཁྱིལ། །

གནས་གོང་པོ་རི་ཡི་གཡས་ནས་བསྲིངས། །

མཐོ་སྲིད་པའི་ལྷ་ཆེན་ཤམ་པ་གངས། །

རི་འདི་ཚོ་སྔོག་དགོས་ཟེར་རན་མིན། །

ཕ་མེས་པོའི་བླ་རི་དྭངས་མ་ཡིན། །

དཔལ་འདོད་དགུ་འབྱུང་བའི་ཁྱིམ་ནོར་ཡིན། །

 

ཡུལ་ཡར་ཀླུང་ས་ཡི་མཐིངས་གཤོངས་ན། །

དབྱངས་གསལ་བྱེད་སུམ་ཅུའི་ཕ་སྐད་ཡོད། །

བློ་རིག་པ་ཅན་གྱི་བྱིས་པ་ཚོ། །

དེ་མ་དགོས་ཟེར་རན་མ་རེད་ཡ། །

ཕ་མེས་པོའི་སྙིང་གི་རུས་རྐང་རེད། །

དེ་ཟིན་དང་མ་ཟིན་ཁྱེད་ལ་རག །


  • ལེ་ཚན་སྔོན་མ།:དགེ་འདུན་ཆོས་འཕེལ།
  • ལེ་ཚན་རྗེས་མ།:འཕྱོངས་རྒྱས་ཀྱི་སྣང་བ། དྲན་པ་ཞིག་གི་སྣེ་མོ།